མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏེར་སྲུང་རྨ་རྒྱལ་གཡང་ལྷ།

གཡུ་ཁོག་ཡི་དམ་རྡོ་རྗེ།        2020-06-08

མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏེར་སྲུང་རྨ་རྒྱལ་གཡང་ལྷ།

    ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་གྱི་གཡོན་རྒྱབ་ཏུ་ཡོངས་གྲགས་སུ་རི་ཛཾ་བྷ་ལ་ཟེར་བའི་རྫ་བྲག་གི་རི་བོ་ལྷུན་ཆགས་པ་སྒོམ་ཆེན་མཉམ་བཞག་གི་དབྱིབས་དང་ཀུན་ནས་མཚུངས་པ་ཞིག་ཡོད་པ་དེ་ནི་རྡོ་རྗེ་གཡུ་ཁྲོམ་གྱི་བང་མཛོད་གཏེར་གྱི་བསྲུང་མ་གཏེར་སྲུང་རྨ་རྒྱལ་གཡང་ལྷ་ཟེར་བ་ཡིན་ཏེ། དེའི་བསང་མཆོད་དུ། བདེ་གཤེགས་ཐུགས་མཆོག་རྡོ་རྗེ་མི་བསྐྱོད་པའི། །རོལ་པའི་རྣམ་འཕྲུལ་རྒྱལ་པོ་ཡུལ་འཁོར་སྲུང་། །གངས་ཅན་ཡུལ་སྐྱོང་མ་སང་གཉན་གྱི་ཚུལ། །འཇིག་རྟེན་གཏེར་བདག་རྨ་རྒྱལ་གཡང་གི་ལྷ། །རྨ་འཁོར་སུམ་བརྒྱ་མཆེད་ལྕམ་ཡུམ་དང་སྲས། །ལྷ་ཀླུ་གནོད་སྦྱིན་དམ་ཅན་ནོར་ལྷའི་ཚོགས། ཞེས་སོགས་གསུངས་པ་ལྟར་རོ།།   

     རི་དེའི་ངོས་སུ་རང་བྱུང་བྲག་རིའི་ཁང་བཟང་ངོ་མཚར་བ་དུ་མ་ཡོད་པ་ནི་སྔོན་དུས་སུ་འགྲོ་མགོན་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་བྱ་བཏང་རྣལ་འབྱོར་བ་དུ་མས་སྒྲུབ་པ་ཉམས་ལེན་མཛད་པའི་སྒྲུབ་ཕུག་ཡིན་པར་བཤད། འཛམ་གླིང་ཡུལ་གྲུ་ཁག་གི་ཡུལ་སྐོར་བ་དུ་མ་རི་དེའི་མཛེས་བརྗིད་ལ་ཧ་ལས་ཤིང་བལྟ་སྐོར་དང་བརྙན་ལེན་པ་སོགས་ལ་བྲེལ་གྱིན་ཡོད། འོན་ཀྱང་རྒྱ་སྐད་དུ་རི་དེ་ལ(弥勒佛山) བྱམས་པའི་རི་ཞེས་འབོད་པ་ནི་རྒྱ་ནག་གི་ཧ་ཤང་རས་ཁུག་ཅན(布袋和尚)ཞེས་བྱང་ཆུབ་སེམས་དཔའ་བྱམས་པའི་སྤྲུལ་པར་གྲགས་པ་དེའི་སྐུ་འདྲ་དང་དབྱིབས་མཚུངས་པས་རྒྱ་རིགས་དག་གིས་གསར་དུ་བཏགས་པ་ཞིག་ཡིན་ནོ།།

༼ཁམས་པའི་འཛུམ་རིས༽གཡུ་ཁོག་ཡུལ་གྱི་དམངས་སྲོལ་རིག་གནས་ལས་དྲངས།


རྩོམ་སྒྲིག་པ།  བདེ་ཆེན།
  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་སྡེ་ཚྭ་ཡུལ་ཚོའི་རི་ཆུ་རིག་གནས་དང་དམངས་ཁྲོད་རིག་གནས་ངོ་སྤྲོད།
  • ལེ་ཚན་རྗེས་མ།:མདོ་ཁམས་གཡུ་ཁོག་ཡུལ་གྱི་བྱིན་ལྡན་གནས་རི་ཁག་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།