མགར་ར་སྤུན་གསུམ་གླིང་།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-01-28

མགར་ར་སྤུན་གསུམ་གླིང་།

མགར་ར་སྤུན་གསུམ་གླིང་འདི་ལི་ཐང་གསེར་མོ་ལྗོངས་ཀྱི་བྱང་ཕྱོགས་སུ་ལེ་དབར་ཉི་ཤུའི་མཚམས་སུ་གནས།མགར་ར་སྤུན་གསུམ་འདི་རྡོ་ཡི་ཕོ་བྲང་བཞིན་ལྷུན་པོ་གསུམ་གཟི་བརྗིད་དང་ལྡན་པ་ཞིག་ཡོད།ཁམས་ལི་ཐང་གི་ཡུལ་དུ་མགར་ར་སྤུན་གསུམ་ནས་ལི་ཐང་བྱམས་ཆེན་ཆོས་གླིང་གི་ཇོ་བོ་ལྷ་ཆེན་ཐུབ་པའི་དབུ་ཞལ་བསྐྲུན་པ་རེད་ཅེས་ཡོངས་སུ་གྲགས།ཇོ་བོ་ཁམས་གསུམ་ཟིལ་གནོན་ལེགས་གྲུབ་ཉིན་མོར་སྤྲུལ་པའི་ལྷ་བཟོ་གསུམ་པོ་རྡོ་ཡི་རི་བོ་གསུམ་ལ་འཐིམས་པ་ཞེས་སྤྲོ།དེ་ལྟ་བས་ན་མགར་ར་སྤུན་གསུམ་གླིང་འདི་གནས་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་གནང་གིས་ཡོད།གནས་འདིར་མགར་རའི་མགར་ཆུ་དང་མགར་རྡོ་སོགས་མཇལ་རྒྱུ་ཡོད། ཚེས་བཟང་དུས་བཟང་ཉིན་མགར་རྡོའི་ངོས་སུ་ཇོ་བོ་ལྷ་ཆེན་ཐུབ་པའི་ཞལ་ཁྱིམ་བྱིན་ཅན་གསལ་པོར་མཇལ་ཐུབ།

མགར་ར་སྤུན་གསུམ་གླིང་འདི་ཕ་བོང་ངོ་མཚར་ཅན་ཆེ་ཆུང་དུ་མས་སྤུངས་ཤིང་།སྔར་རྟ་ཇ་ཚོང་ལམ་གྱི་ལམ་ཀའང་སྤུན་གསུམ་འདིར་བརྒྱུད་དེ་འགྲོ་དགོས་ཤིང་།གནས་དེ་དགུན་གྱི་དུས་སུ་གྲང་ངར་ཆེས་ཆེ།འདི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཡིན་པར་སྙན་པའི་ཚིགས་བཅད་དུ།

བྱུང་གི་མགར་ར་ལ་ཁར།།

ཁ་བའི་སྒོ་ལྕགས་རྒྱག་བྱུང་།།

ཤར་གྱི་ཁྲི་གདུགས་ཉི་མ།།

ཁ་བའི་སྒོ་ལྕགས་ཕྱེ་རོགས།།ཞེས་སོ།།

གཤམ་དུ་མགར་ར་སྤུན་གསུམ་གླིང་གི་གནས་རྡོ་ཡ་མཚན་ཅན་འགའ་ཞིག་མིང་དུ་བཀོད་ལགས་ན།མཐོང་པར་དགའ་བའི་རྒྱན་དུ་འགྱུར་བར་སོམ་ཉི་བྲལ།

མགར་གླིང་གི་གངས་རི་ཏེ་སེ།

མགར་གླིང་གི་ཇོ་མོ་གླང་མ།

མགར་གླིང་གི་སྦལ་མགོ།

མགར་གླིང་གི་མ་པང་གཡུ་མཚོ།

མགར་གླིང་གི་རྒྱ་རྡོ།

མགར་གླིང་གི་སྲིད་པའི་རྡོ་སྒོ།

མགར་གླིང་གི་གེ་སར་རྒྱལ་པོའི་རྨོག

མགར་གླིང་གི་གསེར་སྒ་ཉི་མ་རང་ཤར།

མགར་གླིང་གི་རྟ་འདོགས་ས།

མགར་གླིང་གི་ཕོ་རྡོ།

མགར་གླིང་གི་བང་མཛོད།

མགར་གླིང་གི་སོལ་བ།

མགར་ར་སྤུན་གསུམ་གླིང་འདི་སྲིད་པའི་མཚོ་མོ་ལས་འཁྲུངས་ཤིང་།གདོད་མའི་དཔལ་ཡོན་དང་འབྲེལ་བ་དམ་པོར་ཡོད་པ།སྐབས་སུ་སྤུན་གསུམ་རི་བོ་འདི་རང་བྱུང་གི་ལྷུན་པོ་མ་ཡིན་པ་མིས་བཟོས་པ་དང་ཡང་ན་ལྷ་མིན་གྱིས་བསྐྲུན་པའི་རྣམ་པར་ཞིག་མཐོང་ཐུབ།འདི་ནི་ཤིན་ཏུ་ངོ་མཚར་བའི་ཕ་བོང་གི་གླིང་ཞིག་གོ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

མགར་ར་སྤུན་གསུམ་གླིང་།

  • ལེ་ཚན་སྔོན་མ།:གནས་ཆེན་ཀཾ་པོ་གངས་དཀར་གྱི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:མངོན་རེག་སེང་གེ་གཡུ་རྫོང་གི་གནས་ཡིག
  • དོ་སྣང་ཆེ་བའི་རྩོམ།