ཨ་གསལ་གནས་རི་དང་གནས་ཡིག་སྐོར་གྱི་གཏམ་ཐུང་ངུ་།

བེ་མདའ།        2020-09-18

དེ་ཡང་ཨ་གསལ་གནས་རིའམ་སྒྲོལ་མའི་གནས་རི་ནི་དཀར་མཛེས་ཁུལ་ཁམས་ཉག་ཆུ་རྫོང་དབལ་ཤུལ་ཨོ་ཐོག་གི་ཡུལ་དུ་ཡོད་ལ། གནས་ཀྱི་བཀོད་པ་སོགས་ནི་ཐུན་མོང་བའི་སྣང་ངོར་ལ་ཧ་ཅང་མཛེས་ཉམས་སྟོང་གིས་སྤྲས་པ་སོགས་རི་བོའི་བརྗིད་ཉམས་དང་མཚོ་མོའི་གཟི་རྔམ་སོགས་གང་ནས་ཀྱང་ཡིད་ཕྲོགས་པ་ཞིག་ཡིན་ལ། གནས་ཀྱི་མདུན་ཐང་ཀུན་ཏུ་མེ་ཏོག་ཕྲ་ཚོམ་གྱིས་ཡོངས་སུ་བརྒྱན་ཞིང་། ཡན་ལག་བརྒྱད་དང་ལྡན་པའི་གཙང་ཆུ་ཕྱོགས་བཞིར་འབབ་པ། སྒྲོལ་མའི་བླ་མཚོ་སོགས་མཚོ་ཆེན་དུ་མས་གཡས་གཡོན་ཀུན་ནས་བསྐོར་ཞིང་། ད་དུང་ཉམས་དགའ་བའི་འཚེ་མེད་སྲོག་ཆགས་སྟོང་གིས་དུས་བཞིར་རྩེད་འཇོའི་གར་ལ་རབ་ཏུ་རྩེན་པའི་གནས་འདི་ནི་ཕྱིའི་བཀོད་པ་ཙམ་གྱིས་ཀྱང་མི་སེམས་ལ་དགའ་སྤྲོའི་དྭངས་བ་འདྲེན་ནུས་པ་ཞིག་ཅི་ལ་མིན། ཨ་གསལ་གནས་རི་ནི་གཙོ་བོ་སྒྲོལ་མའི་གནས་ཡིན་པ་དང་དེ་རུ་རིགས་གསུམ་མགོན་པོའི་གནས་རི་སོགས་ཀྱང་ཡོད་མོད། འོན་ཀྱང་། གནའ་དུས་སུ་གནས་འདིའི་གནས་ཡིག་ཅིག་ཡོད་པར་གྲགས་ཀྱང་དེ་ནི་རིག་གསར་གྱི་སྐབས་ནས་བོར་བརླག་ཏུ་ཕྱིན་སོང་བ་དང་། དེ་ནི་ཨོ་ཐོག་དང་ཐག་ཉེ་བའི་སོག་ལོག་གི་དུད་སྡེ་ཞིག་ཏུ་ཡོད་པ་དེ་ཉིད་བོར་བརླག་ཏུ་ཕྱིན་འདུག་ཅེས་གྲགས། དེ་བས་གནས་ཡིག་རྙིང་བ་དེ་ནི་བོར་བརླག་ཏུ་ཕྱིན་པས་རྒན་པ་དག་གི་གསུང་སྒྲོས་དང་ངག་རྒྱུན་དུ་ཡོད་པ་རྣམས་ཡིག་ཐོག་ཏུ་ཕབ་པ་ཙམ་ལས་བློ་ཐབས་མི་གདའ། དེས་ན་ཨ་གསལ་གནས་རི་འདི་ནི་བཀའ་གདམས་པའི་གྲུབ་ཐོབ་རྣམས་དང་གཞན་ཀརྨ་ཀཾཚང་བཀའ་བརྒྱུད་ཀྱིས་གཙོ་བོར་བྱིན་གྱིས་རླབས་པའི་གནས་ཡིན་ལ། འདི་རུ་རླུང་སྦྱོང་སོགས་གཙོ་བོར་མཛད་པར་མ་ཟད། སྒོམ་ལ་རིགས་མི་འདྲ་བ་མང་དུ་ཡོད་ཀྱང་མང་པོའི་སྣང་ངོར་ལ་སྒོམ་པ་བ་ཞིག་ཡིན་ན་ངེས་པར་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་དུ་སྒོམ་ལ་གཞོལ་མཁན་ཞིག་ཡིན་སྙམ་པ་སྐྱེ་སྲིད་མོད། དེ་ཙམ་ཡང་མ་ཡིན་ཏེ་མགོན་པོ་ཀླུ་སྒྲུབ་མཆོག་གི་ཞལ་ནས། ཁ་ཅིག་བསོད་ནམས་བསྒྲུབ་པའི་ཕྱིར།།ཁ་ཅིག་ལ་ནི་གཉིས་རྟེན་པ།། ཁ་ཅིག་ལ་ནི་གཉིས་མི་རྟེན།།ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ།། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན།།བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ།། ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ཀྱང་གང་ཟག་སོ་སོའི་བློ་དང་ནུས་སྟོབས་རབ་འབྲིང་སོ་སོ་ལ་ཡང་ཉམས་ལེན་གྱི་རིམ་པ་དེ་དང་འཚམ་པའི་ཆོས་ཀྱང་སོ་སོར་བསྟན་ཡོད་པས་འཁོར་བས་བསྡུས་པའི་བདེ་སྐྱིད་སྒྲུབ་ཐབས་དང་འཁོར་བ་ལས་འདས་པའི་ཐར་བ་ཐམས་ཅན་མཁྱེན་པའི་གོ་འཕང་འཐོབ་པའི་ཉམས་ལེན་སོགས་རིམ་པ་ལྟར་གནས་འདི་རུ་སྔོན་བྱོན་པའི་སྐྱེས་ཆེན་རྣམ་པ་དང་ཉེ་བའི་ཆར་ཡང་ཁྱིམ་པའི་ཆ་བྱད་མནབས་པའི་གྲུབ་ཐོབ་པ་རྣམས་ཀྱིས་ཉམས་ལེན་སོགས་ཀྱང་འདི་ཁོ་ན་བྱེད་ཡོད་ཅེས་མཐའ་གཅིག་ཏུ་ཐག་བཅད་མི་སྤོབས་ཀྱང་། གོང་ནས་ཞུས་པ་བཞིན་ཉམས་ལེན་དེ་གཉིས་ཀའི་ནང་དུ་འདུས་པས་སེམས། གནས་འདི་ནི་བྱིན་རླབས་ཆེ་བ་དང་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་མྱོང་བས་འདི་རུ་སྐུ་ཚེ་སྒྲུབ་པ་ཉམས་ལེན་ལ་གཞོལ་མཁན་ཡང་རབ་ཏུ་མང་བར་གྲགས། ད་དུང་འདི་དང་ཁད་ཉེ་སར་བཀའ་བརྒྱུད་པའི་དགོན་པ་ཆེན་པོ་ཞིག་ཀྱང་ཆགས་མྱོང་ལ། དེ་ནི་དུས་རབས་བཅུ་གསུམ་པ་ཡས་མས་སུ་ཡིན་ཏེ། དུས་རབས་བཅུ་གཉིས་པ་ནས་དུས་རབས་བཅུ་བདུན་པའི་དུས་སྟོད་ཀྱི་བར་དུ་གནས་འདི་དག་ཏུ་ཀཾ་ཚང་བཀའ་བརྒྱུད་པའི་བསྟན་པ་ཉི་མ་ལྟར་ཤིན་ཏུ་གསལ་བ་དང་རྒྱས་པ་ནི་ལོ་རྒྱུས་ཀྱི་ཁུངས་བཙུན་པ་རེད་འདུག། ད་དུང་གནའ་དུས་སུ་བཀའ་བརྒྱུད་པའི་བླ་ཆེན་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་ནས་གནས་འདི་རུ་སྒྲུབ་པ་ཉམས་ལེན་མཛད་པར་མ་ཟད། བཀའ་གདམས་པའི་བླ་ཆེན་དང་གྲུབ་ཐོབ་པ་མང་པོ་ཞིག་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ་བས་གནས་འདི་ནི་ཕྱི་ཡི་བཀོད་པ་སོགས་ལེགས་པར་མ་ཟད་ནང་དུ་བྱིན་རླབས་སྟོང་གི་ཚན་ཁ་འབར་བའི་གནས་ཆེན་ཁྱད་པར་ཅན་ཞིག་ཀྱང་ཡིན། གནས་འདིའི་གནས་སྒོ་ཕྱེ་བའི་དུས་ཚོད་ནི་འབྲུག་གི་ལོ་ལ་ཡིན་པ་དང་། འབྲུག་གི་ལོ་ལ་གནས་འདི་རུ་དད་ལྡན་རྣམས་ནས་ཡ་མཚན་དང་རྟགས་མཚན་ཅན་སོགས་ཤིན་ཏུ་མང་པོ་མཇལ་བར་གསུངས།

ད་དུང་འདི་རུ་བཀའ་གདམས་ཀྱི་མཆོད་རྟེན་དང་འདྲ་བའི་རི་བོ་ཞིག་ཡོད་པ་དེ་རུ། གནའ་དུས་སུ་འདིའི་འདབས་ཤོད་སོགས་ནས་བཀའ་གདམས་ཀྱི་མཆོད་རྟེན་མང་པོ་རྙེད་འདུག་ལ། ད་དུང་རི་འདི་ནི་འཇལ་དཔལ་དབྱངས་ཀྱི་གནས་ཡིན་པ་དང་། གནས་རི་འདི་ལ་ལན་རེར་རལ་གྲི་ལྟ་བུ་ཞིག་ཏུ་འཆར་བ་ཡོད་ཚུལ་ནི་གནས་འདིའི་སྒོམ་པ་བ་འགའ་ཞིག་གི་གསུང་སྒྲོས་ལས་ཐོས་པ་དང་། ད་དུང་འབྲུག་གི་ལོ་ལ་རྟགས་མཚན་འདྲ་མིན་གྱི་སྒོ་ནས་འཇམ་དཔལ་དབྱངས་སོགས་ལྷ་བླ་མ་མང་པོ་ཞིག་གི་སྐུ་བརྙན་མཇལ་བ་སོགས་ཡོད་པར་ཐོས།

སྒྲུབ་ཕུག་འདི་དག་ནི་མཚོ་མོ་སྙིང་ནག་དང་ཐག་ཉེ་སའི་རི་དེའུ་ཞིག་གི་སྟེང་ནས་ཡར་ཅུང་ཙམ་འཛེགས་པའི་རི་གདོང་ཞིག་ཏུ་ཡོད་ལ། རི་གདོང་དེ་ནི་བྲག་དམར་གདོང་ཞེས་བརྗོད། བྲག་དམར་གདོང་གི་སྒྲུབ་ཕུག་འདི་དག་གི་ཁྲོད་ཀྱི་ཆེས་རྙིང་བ་དེ་ནི་གནའ་དུས་ཀྱི་བཀའ་གདམས་པའི་གྲུབ་ཐོབ་རྣལ་འབྱོར་བ་ཕ་དམ་པ་མཆོག་གི་སྒྲུབ་ཕུག་ཡིན་པ་ཡོངས་གྲགས་ཡིན་ན་ཡང་། གོང་ནས་བཤད་པ་ལྟར་གནས་ཡིག་དེ་ཉིད་བོར་བརླག་ཏུ་ཕྱིན་པས་གཏན་ཁེལ་བ་ཞིག་ནི་བཤད་ནུས་མ་སོང་། འོན་ཀྱང་། སྒྲུབ་ཕུག་འདི་དག་ནི་གཙོ་བོ་ཀརྨ་ཀཾ་ཚང་བཀའ་བརྒྱུད་ཀྱི་བླ་ཆེན་དང་གྲུབ་ཐོབ་པ་དག་གི་སྒྲུབ་ཕུག་ཡིན་པ་ནི་དོགས་པ་དང་ཐེ་ཚོམ་ཟ་མི་དགོས་པའི་གནས་ཡིན་ལ། གོང་གི་སྒྲུབ་ཕུག་དག་གི་རྣམ་པ་ནི་པར་རིས་སུ་གསལ་བ་ལྟར་ཉེ་དུས་ཀྱི་སྒྲུབ་ཕུག་དག་དང་རྩ་བ་ནས་མི་འདྲ་བར་རྒྱས་སྤྲས་ཀྱི་རྣམ་པ་ཏིལ་ཙམ་ཡང་མེད་པར་མ་ཟད་མཚམས་བསྙེན་སྒྲུབ་ལ་གཞོལ་བའི་སྐྱེས་བུ་ཚོས་ཀྱང་འདི་འདྲའི་ས་མཐོ་ས་ཞིག་ནས་གྲང་རླུང་གི་ངར་ཁ་ལ་མི་འཛེམ་དོན་ཡང་གཅིག་ན་བཀའ་གདམས་པ་དང་ཀརྨ་ཀཾ་ཚང་ནས་བྱིན་གྱིས་རླབས་པ་དང་། གཉིས་སུ་གནས་རི་འདི་ནི་སྒྲོལ་མའི་གནས་ཡིན་པ་བཅས། འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡིན་པས་དེ་ལྟར་ཉམས་ལེན་ལ་གཞོལ་བར་སྙམ།

འདི་རུ་གནའ་དུས་སུ་བཀའ་གདམས་ཀྱི་བླ་ཆེན་དང་གྲུབ་ཐོབ་པ་མང་པོ་བྱུང་མྱོང་བར་མ་ཟད། དུས་ཕྱིས་སུ་ཀརྨ་ཀཾ་ཚང་སྐུ་ཕྲེང་རིམ་བྱོན་མང་པོ་ཕེབས་མྱོང་སྟེ། ཀརྨ་པ་དུས་གསུམ་མཁྱེན་པ་སྟེ་ཀརྨ་ཀཾ་ཚང་གི་སྐུ་ཕྲེང་དང་པོ་མཆོག་གི་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་མཛད་པར་མ་ཟད་ཀརྨ་པ་སྐུ་ཕྲེང་བཅུ་བ་སོགས་ཀྱིས་ཀྱང་ཞབས་ཀྱིས་བཅགས་མྱོང་ལ། ད་དུང་གནའ་དུས་སུ་གཡུང་དྲུང་བོན་གྱི་བླ་ཆེན་མང་པོས་ཀྱང་ཞབས་ཀྱིས་བཅགས་ཤིང་སྒྲུབ་པ་ཉམས་ལེན་ལ་གཞོལ་བ་སོགས་ཀྱང་རབ་ཏུ་མང་བས། གནས་ཆེན་འདི་ནས་སྒྲུབ་པ་ཉམས་ལེན་གནང་ན་ཉམས་རྟོགས་སྐྱེ་སླ་བའི་ཁྱད་ཆོས་སོགས་ཡོད་རབས་ཐོས་པས་ཉེ་བའི་ཆར་ཡང་འདི་རུ་སྒྲུབ་པ་ཉམས་ལེན་ལ་གཞོལ་མཁན་རབ་ཏུ་མང་བར་འདུག། ད་དུང་འདི་རུ་སྒྲོལ་མའི་བླ་མཚོ་དང་བླ་རྡོ་སོགས་ཧ་ཅང་ཁྱད་དུ་འབར་བའི་མཚོ་དང་མཚེའུ་བྲག་དང་རྩི་ཤིང་སྣ་ཚོགས་ཤིག་མཆིས་ཀྱང་དེ་དག་རེ་རེ་བཞིན་དུ་གླེང་ན་ཉོག་འགྲོ་བར་སྙམ་པས་གླེང་ན་མ་འདོད། དེ་དག་གི་ཁྲོད་ནས་སྒྲོལ་མའི་བླ་མཚོ་ནི་ཧ་ཅང་ཡ་མཚན་པ་ཞིག་ཡིན་ལ། མཚོ་དཀྱིལ་གྱི་གཏིང་མཐའ་མི་མངོན་པ་སོགས་ཀྱིས་མིང་གཞན་ལ་མཚོ་མོ་སྙིང་ནག་ཀྱང་འབོད་སྲོལ་ཡོད། མཚོ་འདི་རུ་ཚེས་ཆེན་དུས་ཆེན་སོགས་སུ་དུང་དང་རྒྱ་གླིང་འབུད་པ་སོགས་རྟགས་མཚན་ཁྱད་དུ་འབར་བ་མཐོང་ཐོས་མངོན་གསལ་དུ་གྱུར་མྱོང་བས་ཤིན་ཏུ་ནས་ཀྱང་ཡ་མཚན་པ་ཞིག་ཡིན།།

  • ལེ་ཚན་སྔོན་མ།:རི་དབང་རྒྱལ་པོ་སྤུན་དགུ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་སྟེང་ཆེན་ཤུལ་དབེན་ཁྲོད་ཀྱི་བྱུང་བ་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།