མངོན་རེག་སེང་གེ་གཡུ་རྫོང་གི་གནས་ཡིག

སྒྲོལ་མ་ཆོས་འཛོམས་ཀྱིས་བསྡུས་ཤིང་པར་བླངས།        2019-03-01

མངོན་རེག་སེང་གེ་གཡུ་རྫོང་གི་གནས་ཡིག

    རྟ་ལོའི་ཚེས་གསུམ་ནས་བཅུའི་བར་གྱི་ནམ་མཁའ་གཡའ་དག་ནས་འཇའ་འོད་གུར་ཁང་སྦྲང་ཆར་ཟིལ་མ་དང་བྲག་ངོས་ཤེལ་གོང་འོད་ལྔ་ལྷུང་བ་ལྟ་བུ་སོགས་མཐོང་སྣང་སྣ་ཚོགས་འཆར་བ་ལ་མི་ཕྱེད་ཀྱི་དད་པ་ཐོབ་བོ།།

    གནས་འདིའི་གཙོ་ལྷ་ནི་སྤྱན་རས་གཟིགས་དང་རྡོ་རྗེ་གྲོ་ལོད་གཉིས་ཡིན། དབུས་ཕྱོགས་རྟེན་འབྲེལ་རྫོང་དང་ཞིང་སྐྱོང་ཀུན་དགའ་གཞོན་ནུ་བྲག་ལ་ཨོ་རྒྱན་ཆེན་པོ་བྷོ་རྡི་ས་ཏྭ་ཁྲི་སྲོང་ལྡེ་བཙན་རྨ་ཐོག་རིན་ཆེན་རྒྱལ་བ་བྱང་ཆུབ་དཔལ་གྱི་ཡེ་ཤེས་སོགས་ཀྱི་ཞབས་རྗེས་བཞུགས། མི་ལ་རས་པའི་སྐུ་རྗེས་དང་ཞིང་སྐྱོང་གཏེར་སྒོ་བཅས་ཡོད། གསང་བ་བྲག་གི་ཐིམ་ནང་ཨོ་རྒྱན་སྐུ་རྟེན་མདའ་ཡོད། གསུང་རྟེན་ཐུབ་སྒྲུབ་བསྐོར། ཤོག་སེར་རུ་ཏྲའི་སྙིང་ལྤགས་ལ་ཡི་གེ་བྲིས་པ། ཐུབ་བསྟན་རྡོ་རྗེ། ཡོན་ཏན་གཏེར་རྫས། ཨ་མ་རིལ་བུ་འཕྲིན་ལས་ཀྱི་རྟེན་བླ་རྡོ་ཕག་མགོ་བཅས་ཡོད།

མངོན་རེག་སེང་གེ་གཡུ་རྫོང་གི་གནས་ཡིག
མངོན་རེག་སེང་གེ་གཡུ་རྫོང་གི་གནས་ཡིག

    ཡུམ་ཆེན་སི་ན་ར་མའི་གནས་ལ་ཞིང་སྐྱོང་དཔལ་གཏེར་རྫས་ཁ་ཊཱཾ་གྱི་རྗེས་དང་དྲན་པ་ནམ་མཁའ་བདུད་འདུལ་རྡོ་རྗེའི་ཞབས་རྗེས། བམ་རོལ་ཕོ་མོ་བཅས་ཡོད། གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབས་ལ་སྔགས་སྲུང་མའི་གནས་ཨོ་རྒྱན་ཆེན་པོའི་དབུ་སྐྲ་ཉག་མ་བདུན་བཞུགས། རྒྱལ་བ་མཆོག་དབྱངས་དང་སངས་རྒྱས་ཡེ་ཤེས་ཀློང་ཆེན་དཔལ་སེང་། སོག་པོ་ལྷ་དཔའ་དཀོན་མཆོག་འབྱུང་གནས་ཀླུ་ཡི་རྒྱལ་མཚན་བཅས་ཀྱི་ཞབས་རྗེས་ཡོད། སྔགས་སྲུང་མའི་གཏེར་སྒོ་ཟླུམ་པོ་ཡོད། ཤུད་བུ་དཔལ་སེང་གི་སྤྲུལ་བ་ཧཱུཾ་ནག་མེ་འབར་གྱི་གཏེར་ཀའོ། ལྟོ་བ་སྤྲུལ་བའི་འཁོར་ལོ་དང་ཨོ་རྒྱན་ཆེན་པོའི་རྩ་འདབས་ལ་ཟངས་མདོག་དཔའ་རི་ཨོ་རྒྱན་མཁའ་འགྲོ་རྫོང་ལ་ཨོ་རྒྱན་སྒྲུབ་ཕུག་ཞབས་རྗེས་དང་མཚོ་རྒྱལ་མཎྜ་ར་བའི་ཞབས་རྗེས་ཚོ་བུམ་གྱི་ཞབས་རྗེས། ཁྲི་སྲོང་ལྡེ་བཙན་གྱི་ཞབས་རྗེས། མཁའ་སྤྱོད་མ་བྷ་ཀའི་ཞབས་རྗེསབཅས་ཡོད། གཏེར་སྒོ་གྲུ་བཞི་རྡོ་རྗེ་དྲིལ་བུ་ཡོད། སོག་པོ་དཔལ་སེང་གི་སྤྲུལ་བ་འདུད་འདུལ་གར་དབང་གླིང་པའི་གཏེར་ཀའོ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབས་ལ་བློ་འཕེལ་རྫོང་མཁའ་སྤྱོད་མའི་གནས་བྷོ་རྡུ་སིན་ངྷའི་ཕོ་བྲང་གི་སྒོ་ན་སྔགས་སྲུང་མའི་སྐུ་རང་བྱོན་དང་ཡི་གེ་ཏི་རང་བྱོན། ཕྱག་རྡོའི་སྐུ། རྟ་མགྲིན་གྱི་སྐུ་རང་བྱོན་བཅས་ཡོད། ཚེ་དཔག་མེད་ཀྱི་སྒྲུབ་ཕུག་ན་ཚེ་ཆུ་ཚེ་བུམ་བཅས་ཡོད། རྡོ་སེམས་ཀྱི་སྒྲུབ་ཕུག་ན་རྡོ་བསམ་སྐུ་རང་བྱོན་ཁྲུས་ཆུ་བཅས་ཡོད། གྲོ་ལོད་ཀྱི་སྒྲུབ་ཕུག་ན་ཤཱཀྱ་ཐུབ་པའིཞབས་རྗེས། ཁྲོད་ལོད་ཀྱི་སྐུ་རྗེས་ཤུད་བུ་དཔའ་སོང་གི་ཞབས་རྗེས་བཅས་ཡོད། སྒྲོལ་མའི་སྒྲུབ་ཕུག་ན་སྒྲོལ་མའི་སྐུ་རང་བྱོན་ཡོད། རྒྱལ་བ་རིགས་ལྔའི་སྒྲུབ་ཕུག་ན་རིགས་ལྔའི་སྐུ་རང་བྱོན་ཡོད། རིགས་གསུམ་མགོན་པོའི་སྒྲུབ་ཕུག་ན་རིགས་གསུམ་གྱི་སྐུ་རང་བྱོན་ཞབས་རྗེས་བཅས་ཡོད། ཨོ་རྒྱན་གནས་མཆོག་བྲག་དམར་མགྲིན་བཟང་གླིང་གི་སྒྲུབ་ཕུག་ན་ཨོ་རྒྱན་ཆེན་པོའི་དབུ་ཞྭ་རྗེས་སིངྷི་འབྲུ་བཅུ་གཉིས་རང་བྱོན་ཡོད། སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག་ན་སྤྱན་རས་གཟིགས་སྐུ་རང་བྱོན་ཤེལ་ལས་གྲུབ་པ་ངོ་མཚར་ཆེ་བ་ཡོད། སྤྱི་བོ་བདེ་ཆེན་འཁོར་ལོའི་རྩེ་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་རྗེས་ཡོད། ཞིང་སྐྱོང་ཡབ་ཡུམ་གནས་ལ་སངས་རྒྱས་མར་མེ་མཛད། འོད་སྲུང་གཉིས་ཀྱི་ཞབས་རྗེས་མཁའ་འགྲོའི་བྲོ་ར་ཡོད། གཙོ་པོ་མགོན་པོ་མ་ནིང་གནས་ན་སྒྲོལ་མ་ཉེར་གཅིག་གི་གནས་སོ་སོར་དེ་དག་ཡོད། མགོན་པོ་ཚོགས་བདག་གནས་ན་བེང་དབྱུག་ཐོད་ཁྲག་གཡུ་སྒྲ་སྙིང་པོ། བྷི་ཏྲི་ཆོས་གྲགས། ཀུ་ཀུ་རི་པ་དག་པོ་ཟླ་འོད་གཞོན་ནུ་བཅས་ཀྱི་ཞབས་རྗེས་ཡོད། ཚོགས་བདག་གཏེར་སྒོ་གཡུ་དྲུང་འཁྱིལ་བ་རང་བྱོན་ཡོད། བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་གནས་སོ་སོ་ཡོད། གནས་འདིའི་གསང་བའི་སྒོ་སྲུང་བཙན་རྒོད་རོལ་བ་རྐྱ་བདུན།སྤ་རི་སྤ་བཙན་སྟེང་ཨོ་རྒྱན་གྱི་ཞབས་རྗེས། པད་མ་སམ་བྷའི་ཕྱག་རྗེས། སྟག་མ་རང་བཙན་སྟེང་སློབ་དཔོན་ཆེན་པོའི་ཆོས་གོས་ལེའུ་བདུན་ཡོད། བྲག་དམར་རྫོང་བཙན་སྟེང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཞབས་རྗེས་གཉིས་ཡོད། གཞན་གནས་སོ་སོ་ཡོད། ནང་གི་སྒོ་སྲུང་རྒྱལ་ཆེན་སྡེ་བཞིའི་ཡུལ་འཁོར་སྲུང་དང་འཕགས་སྐྱེས་བུ་ལ་གཤིན་རྗེ་གཏེར་སྒོ་གྲུ་གསུམ་ཡོད། སྨན་གླིང་གཏེར་ཀའོ། སྤྱན་མི་བཟང་རྣམ་ཐོས་སྲས་སྟེང་བྰི་མ་མི་རྡའི་ཞབས་རྗེས་ཕྱག་རྗེས་བཅས་ཡོད། རྡོར་སེམས་ཀྱི་ཕོ་བྲང་རྡོར་སེམས་གཏེར་སྒོ་ཟླ་གམ་ཡོད། འཕྲིན་ལས་མི་ཟད་ནམ་མཁའི་མཐའ་དང་མཉམ། དུས་ངན་ཚེ་ལོ་ཉི་ཤུ་ཁ་རལ་དུས། ཆོས་རྒྱལ་སྤྲུལ་བ་གོ་སྨན་ཕྱོགས་སུ་འབྱུང་། ཞང་ཁྲམ་མིང་ཅན་སྤྲེའུ་ལོར་གཏེར་སྒོ་འབྱེད། ལས་ལྡན་རྟགས་སུ་ཐུགས་སར་སྨོན་པ་ཡོད། ལྕགས་ཕོ་ཁྱི་ལོ་ལ་སོགས་བཟློག་ཐབས་ཡོད། ས་མ་ཡ རྒྱ་རྒྱ་རྒྱ། ཚེ་དཔག་མེད་ཀྱི་གནས་ལ་གྲུབ་ཆེན་ཀ་ན་ཀུ་མ་དང་ལི་ཧི་ལ་གཉིས་ཀྱི་ཞབས་རྗེ་ཡོད། གཡས་བརྩུག་འགྱུར་རྫོང་རྡོ་རྗེ་གཞོན་ནུའི་གནས་ལ་ཕུར་བའི་གཏེར་སྒོ་གྲུ་བཞི་ཡོད། གྲུབ་ཆེན་ས་ར་ཧ་ཤ་བ་རི་པ་ལོ་པཎ། རྒྱལ་དབང་ལྔ་བ་སོགས་ཀྱི་ཞབས་རྗེས་སིཧཱུཾ་རང་བྱོན་བཅས་ཁྱད་འཕགས་ཡོད། རྡོ་རྗེ་རྣམ་འཇོམས་ཀྱི་གནས་ཡོད། ཁྲོ་རྒྱལ་སྨེ་གཙེགས་ཀྱི་གནས་ཡོད། གུ་དྲག་ཡེ་ཤེས་རབ་འབའི་གནས་ལ་ཀློང་གསལ་སྙིང་པོའི་རར་རྣ་གླིང་པ་མཆོག་འགྱུར་གླིང་པ་སྲོང་བཙན་སྒོམ་པོ་བཅས་ཀྱི་ཞབས་རྗེས་ཡོད། ལྷ་མོ་རང་བྱོན་རྒྱལ་མའི་གནས་ལ་ཆིབ་བོང་རྗེས་ཡོད། དགོས་འདོད་ལྗོང་ནོར་ལྟ་མཆེད་བརྒྱད་ཀྱི་གནས་སོ་སོ་ཡོད།ནོར་གཞོང་ཡོད། གནས་རྟེན་བཅུ་དྲུག་གི་གནས་སོ་སོ་ཡོད། དོན་ཡོད་ཞག་པའི་གནས་སེང་གེའི་སྒྲ་ཡོད། འཇམ་དབྱངས་ཀྱི་གནས་ན་རལ་གྲིའི་རྗེས་ཡོད། རྡོ་རྗེ་ཕག་མོའི་གནས་ན་འཕགས་མོའི་སྐུ་རྗེས་ཡོད། མི་འཁྲུགས་པའི་གནས་ལ་མི་འཁྲུགས་པའི་ཞབས་རྗེས་དང་ཕག་མོའི་གྲི་ཁུག་གི་རྗེས། ཀོང་སྨྱོན་པའི་ཞབས་རྗེས་བཅས་ཡོད། དུས་འཁོར་གནས་ན་ཨོ་རྒྱན་མཚོ་རྒྱལ་མཎྟ་ར་བའི་ཞབས་རྗེས་དང་གསང་འདུས་གཏེར་སྒོ་གྲུ་གསུམ་ཡོད། གསང་འདུས་གཏེར་སྒོ་གྲུ་གསུམ་ནི་གསང་བ་གླིང་པའི་གཏེར་ཀའོ། རྒྱབ་རྒྱུ་བདེ་མཆོག་གནས་ལ་སོག་པོ་དཔལ་སེང་། གཏེར་བདག་གླིང་པའི་ཞབས་རྗེས་ཡོད། ཉེ་སྲས་བརྒྱད་ཀྱི་གནས་སོ་སོ་ཡོད། སངས་རྒྱས་རབ་བདུན་གྱི་གནས་ལ་མཆོག་ཉིད་ཀྱི་འཁར་སིལ་ཤཱཀྱ་ཐུབ་པའི་ལྷུང་བཟེད་ཀྱི་རྗེས་ཡོད། གདུགས་དཀར་གནས་ལ་ལན་ཚྭ་ངྷི་རང་བྱོན་ཡོད། གཏེར་སྒོ་གྲུ་བཞི་ཡོད། འཇིགས་བྱེད་གནས་ལ་ར་ལོ་ཙཱ་བ་ཆོས་གྲགས་དང་ར་ལོ་པའི་ཞབས་རྗེས་ཡོད། ཀུན་རིག་རྣམ་པ་སྣང་མཛད་ཀྱི་གནས་ཡོད། སྒྲོལ་དཀར་རྣམ་རྒྱལ་མ། རྒྱལ་བ་བྱམས་པ་སོགས་ཀྱི་གནས་སོ་སོ་ཡོད། ཕྱག་རྡོར་གནས་ལ་ཕྱག་རྡོའི་ཞབས་རྗེས་གསུམ་ཡོད། འབྱུང་འདུལ་གནས་ལ་ཞབས་རྗེས་གཉིས་ཡོད། གཤིན་རྗེ་ཀིང་ཀང་གི་གནས་ཡོད། གཡོན་ན་སྤྱན་རས་གཟིགས་ཕྱག་བཞི་པའི་གནས་ཡོད། ལབ་སྒྲོན་གྱི་གནས་ན་ཊ་རུ་རྐང་གླིང་གི་རྗེས་ཡོད། ཕ་དམ་པའི་ཞབས་རྗེས་ཡོད། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གནས་ཡོད། རྣམ་སྲས་འཛམ་ལྷ་རིགས་ལྔའི་གནས་སོ་སོ་ཡོད། རྟ་མགྲིན་གནས་གྲུབ་ཆེན་སྣ་ནམ་ཡེ་ཤེས་རྒྱལ་བ་མཆོག་དབྱངས་ཀྱི་ཞབས་རྗེས། རྟ་མགྲིན་གཏེར་སྒོ་གྲུ་གསུམ་ཡོད། རྟ་མགྲིན་གཏེར་སྒོ་གྲུ་གསུམ་ནི་སྤྲུལ་བའི་གཏེར་ཀའོ། སེང་གདོང་མའི་གནས་ཡོད། ཚེ་བདག་གི་གནས་ལ་ནུབ་སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས་དང་ཚེ་བདག་གཏེར་སྒོ་གྲུ་བཞི་ཡོད།རྡོ་རྗེ་གཡུ་སྒྲོན་མའི་གནས་ཡོད། རི་ཁྲོད་ལོ་གྱོན་མའི་གནས་ཡོད། ཚེ་རིང་མཆེད་ལྔའི་གནས་ན་གྲུབ་ཆེན་ལོ་ཧེ་པ་ན་རོ་པ་མར་པ་མི་ལ་བཅས་ཀྱི་ཞབས་རྗེས་ཡོད། ཚེ་རིང་མའི་གཏེར་སྒོ། ཟླུམ་པོ་ཚེ་བུམ་དར་བཅས་ཀྱི་རྗེས་ཡོད།དམ་ཅན་གནས་ན་བི་མ་མི་ཏཱ་གསང་བ་གླིང་བ་གཉིས་ཀྱི་ཞབས་རྗེས་དང་ར་རྗེས་ཡོད། རྒྱལ་པོ་སྐུ་ལྔའི་གནས་ན་བཻ་རོ་ཙ་ན་དང་ཛྙ་ན་ཀུ་མ་རིག་ནི་དཔལ་ལྡན་བཟང་པོ་བཅས་ཀྱི་ཞབས་རྗེས་ཡོད། དེའི་མདུན་ཆུ་རི་ཡོད། འཛམ་གླིང་སེང་ཆེན་གྱི་གནས་ན་གེ་སར་དང་རྒྱ་ཚ། ཁྲོ་ཐུང་།ཨོ་རྒྱན་ཆེན་པོ། ཀླུ་སྒྲུབ། གསེར་སྒ་ཉི་མ་རང་ཤར། རྐྱང་རྒོད་ཕུར་ཤེས་བཅས་ཀྱི་རྗེས་ཡོད།གཡོན་ན་གནས་ཆུང་མཆེ་མཆོག་དཔའ་དགུའི་གནས་སོ་སོ་ཡོད། ཕྱིའི་སྒོ་སྲུང་བདུད་རྒྱལ་བི་ན་ཡ་ག བཙན་རྒྱལ་ཡམ་ཤུད་དམར་པོ། ཀླུ་རྒྱལ་དགའ་བོ་བཅས་སོ་སོ་བའི་གནས་ཡོད། སོ་བར་བཞིན་དུ་ཇག་པ་མི་བཞི་ཡོད། ཕོ་བྲང་སྒོ་སྲུང་གསེར་སྒ་རྒྱལ་མཚན་ཡོད།གནས་མཆོག་དེའི་མཚན་ཐོས་པ་དང་དེ་ལ་སྐོར་བ་སོགས་བྱེད་ན་ཕན་ཡོན་བརྗོད་པ་ལས་འདས་སོ།། གནས་དེ་ལ་རང་བྱོན། སྐུ་ཚབ། ཨ་ལི།ཀ་ལི ཡིག་འབྲུ་ཕྱག་ཞབས་རྗེས་དང་ཕྱག་མཚན་སྐུ་འདྲ་སོགས་གྲངས་ལས་འདས་ཀྱང་ལས་འཕྲོ་སད་པ་དང་སྒྲུབ་པ་ཆུང་བ་ཁ་ཤས་མ་གཏོགས་ཐམས་ཅད་ཀྱིས་མངོན་སུམ་མཇལ་བ་མ་ངེས་སོ།། སྤྱི་གནས་འདིའི་ཕན་ཡོན་དང་ལོ་རྒྱུས་རྒྱ་གར་འཕགས་པའི་ཡུལ་ནས་བྱོན་པའི་དམ་པ་རྣམས་ཀྱི་གསུང་ལས་ཀྱང་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བའི་ལྗོངས་ན་མདོ་ཁམས་ཀྱི་གནས་ཆེན་སེང་གེ་གཡུ་རྫོང་དེ་ཉིད་ཤར་ཕྱོགས་སྤང་རི་གནས་མཆོག་ཀརྨ་རུས་པའི་ཤར་སྨད་ན་ཡོད་པ་དང་རིག་འཛིན་ཀློང་གསལ་སྙིང་པོའི་གསུང་ལས་ཀྱང་འཕགས་ཡུལ་ན་བྱོན་པའི་ཞིང་སྐྱོང་གནས་བཞིན་དང་ཁྱད་པར་མངོན་རེག་གནས་འདིར་བྱིན་རླབས་ཆེ་བ་སོགས་ལོ་རྒྱུས་གྲངས་ལས་འདས་སོ།། གཞན་ཡང་སྔོན་བྱོན་གྲུབ་བསྙེན་མང་པོས་གནས་འདི་ལ་བྱིན་རླབས་ཕོས་པ་དང་་ཕན་ཡོན་བསམ་གྱིས་མི་ཁྱབ་བོ།། ཀློང་ཆེན་དཔའ་སེང་གི་སྤྲུལ་བ་བདུད་འདུལ་ཧཱུཾ་ནག་མེ་འབར་གྱིས་མདོ་ཁམས་སྒྲུབ་གནས་ཀུན་གྱི་མཆོག་གྱུར་པ། ཤར་ཕྱོགས་གནས་མཆོག་ཀརྨ་རུས་པའི་ཤར་སྨད་ན། ཨོ་རྒྱན་སྦས་གནས་སེང་གེ་གཡུ་རྫོང་ཞེས།། སྔོན་བྱོན་རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས།། རྒྱ་བོད་གྲུབ་ཆེན་མང་པོས་སྒྲུབ་གནས་མཛད།། གྲུབ་པའི་རྟགས་མཚན་སོ་སོར་མངོན་དུ་གྱུར།། ཅེས་གསུངས་པ་ལྟར་གནས་འདིར་མཐོང་ཐོས་དྲན་རེག་གྲོལ་བའི་བྱིན་རླབས་ཅན་ཡིན་པས་འདི་ལ་ཕྱག་ཆོག་སོགས་དགེ་རྩ་གང་བྱེད་ཀྱང་དུང་ཕྱུར་འགྱུར། གནས་འདི་རྩེ་བར་མཐའ་གསུམ་བསྐོར་བ་གང་བྱེད་ཀྱང་མ་ཎི་དུང་ཕྱུར་འགྱུར། འདིར་ཐུན་ཅིག་བཅད་ན་ལུས་ངག་ཡིད་གསུམ་སྒྲིབ་པ་དག། ནད་ཐམས་ཅད་ཞི་བ་མཐོང་ཆོས་སོ།། །།


  • ལེ་ཚན་སྔོན་མ།:མགར་ར་སྤུན་གསུམ་གླིང་།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་སྡེ་ཚྭ་ཡུལ་ཚོའི་རི་ཆུ་རིག་གནས་དང་དམངས་ཁྲོད་རིག་གནས་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།