གཡུ་ཡི་སྒྲོན་མ།

ཆོས་འབྱོར་རྒྱ་མཚོ།        2023-10-31

ཡེ་ཤེས་རྒྱ་མཚོ་ལགས། སྲས་མོ་དེ་མདོ་དབུས་མཐོ་སྒང་གི་ལྗོངས་སུ་ཕྱུགས་འཚོ་ལ་བྱོན་པའི་འབྲོག་པའི་མཛངས་མ་ཞིག་སྟེ། ང་ནི་གངས་རིའི་འདབས་ན་གྲོང་ཆོག་ལ་མི་ཚེ་ཕུད་པའི་བན་དེ་ཞིག། ངའི་ངག་ཏུ་ཡོད་པའི་མགུར་ནི། ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་གསལ་ཟླ་བ་ཤར་བྱུང་།། མ་སྐྱེས་ཨ་མའི་ཞལ་རས།། ཡིད་ལ་འཁོར་འཁོར་བྱས་བྱུང་།།།ཞེས་པའི་ཚིག་འདི་ཁོ་ན་ལགས། སྲས་མོ་དེ་ང་རང་ཡོད་པའི་གངས་རིའི་འདབས་ཀྱི་ཁྱིམ་བདག་སངས་རྒྱས་རྒྱ་མཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན་སྐད། སྲས་མོ་དེའི་མིང་ལ་གཡུ་ཡི་སྒྲོན་མ་ཞུའོ།། ཡིད་སྐྱོ་བ་ཞིག་ལ་སྲས་མོའི་ཨ་མ་དང་ཨ་ཕ་དང་ཐོག་དབུལ་བོ་ཞིག་སྟེ། དང་ཐོག་ཁོང་ཚང་གི་ཞིང་སའི་ཆེ་ཆུང་ནི་བ་མོའི་ར་རྡང་གི་ཚོད་ཅིག་དང་། གཞིས་ཁྱིམ་སྟེང་གི་རྫ་གྱོ་དག་ཆག་ནས་མཚན་མོའི་དུས་སུ་མཁའ་ཡི་སྐར་མ་ཤར་བ་མཇལ་བ་དང་། ཆར་བ་ཤག་ཤག་འབབ་པའི་དབྱར་དུས་རེ་རེ་ལ་ཆུ་ཐིགས་ཀྱིས་གཞིས་ཁྱིམ་བརླན་པ་གྲངས་ལ་བསྡོམས་པར་མི་ནུས་སོ།། གཡུ་ཡི་སྒྲོན་མ་སྐྱེས་པའི་ཉིན་མོ་དེར་སངས་རྒྱས་རྒྱ་མཚོའི་ཆུང་མས་རང་གི་བུ་མོ་མ་མཇལ་བར་སྐད་ཅིག་ཉིད་ལ་འཇིག་རྟེན་ནས་འཆི་བདག་གིས་ཚེ་སྲོག་གི་སྐུད་པ་བཅད་བཞག། ཉིན་མོ་དེ་ནི་སངས་རྒྱས་རྒྱ་མཚོ་ལ་མཚོན་ན་མིག་ཆུ་ཆལ་ཆིལ་འཕྱོ་བའི་དུས་སྐབས་ཤིག་དང་། གཡུ་ཡི་སྒྲོན་མའི་ངུ་སྐད་ཐོག་མ་འདོན་པའི་ཉིན་མོ་དེ་ནས་བཟུང་རང་ཉིད་ནར་སོན་པའི་དུས་ཡུན་ནང་ལ་ཨ་མ་ཞེས་འབོད་ཡུལ་ཞིག་མེད་པ་གཏན་ཁེལ་བྱུང་ཡོད།

ཞོགས་པའི་ཉི་མ་ཤར་བའི་དུས་སུ་གངས་རིའི་རང་མདངས་དཀར་ཞིང་དྲི་མ་མེད་པ། ཡིད་འོང་ནམ་མཁའི་ལྷ་མོའི་ཞས་རས་དང་མཚུངས་ཤིང་། གངས་རིའི་འདབས་ཀྱི་མི་སེར་དག་གིས་ཞོགས་པ་རེ་རེའི་དུས་སུ་གངས་རི་ལ་སྨོན་འདུན་གཙང་མའི་སྤྲིན་དཀར་འབུལ་བཞིན་ཡོད། སངས་རྒྱས་རྒྱ་མཚོ་ཞིང་ཁ་རུ་སོང་ནས་ཡུར་མ་ཡུར་སྐབས། གཡུ་སྒྲོན་གྱིས་གཡུ་ཡི་སྐེ་རྒྱན་ཞིག་ཁྱེར་ནས། ཨ་ཕ། ངའི་ཨ་མའི་མིང་ལ་ཅི་ཟེར་རམ།ཞེས་གཡུ་དེ་ཕ་སངས་རྒྱས་རྒྱ་མཚོ་ལ་བསྟན་ནས་ལན་འོང་བར་བསྒུག་འདུག། སྐབས་དེར་སངས་རྒྱས་རྒྱ་མཚོའི་སེམས་སུ་སྐྱོ་གདུང་ཤུར་ཤུར་ཞིག་ལྡང་བཞིན། དཔལ་ལྡན་ལྷ་མོ་ཟེར།ཞེས་མིག་མཐའི་མིག་ཆུ་འབྲུ་ཡི་སྙེ་མའི་སྟེང་དུ་ཆུ་ཐིགས་ཤིག་དང་མཚུངས་པར་ལྷུང་སོང་།

གངས་འདབས་ཀྱི་མི་སེར་འདི་དག་གིས་ལོ་རེ་རེའི་དུས་ཚོད་ཀྱི་སྐབས་དང་བསྟུན་ནས། ཞིང་ལས་གཉེར་ཞིང་ཚོང་ལས་ཆུང་ངུ་རེ་ལ་འབད་པ་བྱ་ངེས། གངས་འདབས་ཀྱི་མི་སེར་འདི་དག་གི་མི་ཚེ་དཀར་ཞིང་དྲི་མ་མེད་པ་ཞིག་ཡིན། མི་ཚེ་དཀར་ཞིང་དྲི་མེད་ཞུ་བ་ནི་ཕྲག་དོག་དང་ར་རི། སེར་སྣ་དང་ཧམ་སེམས་ཀྱིས་མ་གོས་པར་གངས་འདབས་ཀྱི་མི་སེར་འདི་དག་ཕན་ཚུན་བར་བརྩི་བཀུར་དང་མཐུན་སྒྲིལ་དམ་པོ་ཞིག་མཆིས་པས་སོ།། གངས་འདབས་ཀྱི་གཞོན་ནུ་ཁྱོ་ཤུག་དག་གི་འཚོ་བ་ཧ་ཅང་འབྱོར་ལྡན་ལེགས་པོ་མིན་རུང་། ནང་སེམས་ན་ཆོག་ཤེས་དང་བརྩེ་བའི་འོད་ཟེར་འཕྲོ་བཞིན་འདུག། གཡུ་ཡི་སྒྲོན་མའི་བྱད་བཞིན་དང་འཇོ་སྒེག་རང་གི་ཨ་མའི་བྱད་བཞིན་གྱི་འཇོ་སྒེག་ལ་མི་བསྒྲུན་མོད།དཀར་གཙང་དྲི་མ་མེད་པའི་སེམས་པ་རང་གི་ཨ་མ་དང་གཉིས་མེད་དུ་གྱུར་ཡོད།

དུས་ཡུན་ཐུང་ངུ་ཞིག་གི་ཆ་ཤས་ཙམ་སོང་བའི་ལོ་ཟླ་ཞིག་གི་ཞོགས་པར། ཕ་སངས་རྒྱས་རྒྱ་མཚོའི་ཞལ་རས་ལ་བགྲེས་རྒུད་ཀྱི་མདངས་ཤིག་ཤར་བའི་ཞོགས་པ་དེ། གཡུ་ཡི་སྒྲོན་མ་གངས་འདབས་ནས་ཁེར་རྐྱང་དུ་གྱུར་པའི་ལྟས་ངན་ཚེས་པའི་སྔོན་བརྡ་ཞིག་ཅི་ལ་མིན། ཉིན་མོ་དེའི་ཉིན་གུང་གི་དུས་སུ་སངས་རྒྱས་རྒྱ་མཚོ་ན་ཟུག་ཅི་ཡང་མེད་པར། ཞིང་ས་སློག་ལ་འགྲོ་བའི་ལམ་ཁ་ནས་ཚེ་ལས་འདས་སོང་། གཡུ་ཡི་སྒྲོན་མ་ལ་ཁྱིམ་མི་དང་གཉེན་ཉེ་གཅིག་ཀྱང་མེད་དེ། ངས་མོ་ལ་རོགས་རམ་བྱས་ནས་ཕའི་པུར་གངས་རི་དང་ཁ་ཐག་ཉེ་བའི་ཕྱོགས་སུ་སྦས་རོགས་བྱས། གངས་འདབས་ཀྱི་མི་སེར་དག་གིས་བཤད་ན་གཉེན་ཉེ་དག་ཚེ་ལས་འདས་རྗེས་གངས་འདབས་དང་ཁ་ཐག་ཉེ་བའི་ཕྱོགས་སུ་པུར་སྦས་ན། གཉེན་ཉེ་དག་གི་རྣམ་ཤེས་ཀྱིས་རང་གི་ཁྱིམ་མིའི་སྐྱེ་བ་ལེན་སྐད། གཡུ་ཡི་སྒྲོན་མ་མི་རབས་མང་པོའི་ཡུན་རིང་ལ་བདེན་པར་རྩིས་པའི་སྐད་ཆ་དེ་ལ་ཡིད་ཆེས་འཁྲུངས་ནས། ཕ་ཡི་པུར་གངས་འདབས་དང་ཁ་ཐག་ཉེ་བའི་གནས་ལ་སྦས་པ་དང་། གངས་འདབས་ན་རྒས་ཁོག་ཏུ་གྱུར་པ་དག་ལ་ཚེ་འདས་ཀྱི་སྡུག་བསྔལ་ག་ཚོད་ཡིན་ནམ་ཞེས་ཉིན་ཞག་བཅོ་ལྔའི་ཡུན་ལ་དྲི་བ་བྱས་ཤིང་། གཡུ་ཡི་སྒྲོན་མས་མཚན་མོའི་གཉིད་བོར་ཞིང་། ཉིན་མོའི་ཟས་མ་ཟོས་བར་མྱ་ངན་གྱི་སྐྱོ་བ་མྱངས་ནས། སྐྲ་ལོ་འཕྱང་ཞིང་ལྭ་བ་རུལ།

ཉིན་ཞིག། གཡུ་ཡི་སྒྲོན་མ་གངས་འདབས་ཀྱི་ལམ་ཕྲན་དེ་དག་བརྒྱུད་ནས་གངས་འདབས་འདི་དང་ཁ་གྱེས་སོང་། གངས་འདབས་ཀྱི་ན་གཞོན་དག་གིས་བཤད་ན། མོ་དུས་ནམ་ཡང་ཕྱིར་གངས་འདབས་སུ་མི་ལོག་སྐད།


  • ལེ་ཚན་སྔོན་མ།:མཚོ་ཆེན་ཁྲི་ཤོར་རྒྱལ་མོ་མཇལ་བའི་མཐོང་ཐོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།