གཡུ་ཆུང་ལ་སྤྲིངས།

ཨ་ནུ་དད་ཞེན།        2023-09-22

ནམ་མཁའ་དང་ས་གཞི་ཡོད་ཚད་སྐྱ་ཐང་ངེར། གྲང་རླུང་གི་རྒྱུ་བ་དང་ངའི་རྡོག་སྒྲའི་ཐོག་བརྩེགས་མདུན་གྱི་ཕུག་རོན་འགའི་ལྷིང་འཇགས་དཀྲོགས་སོང་བ་འདྲ། ཕུན་རོན་འགའི་གཤོག་ཟུང་ལྷེམ་ལྷེམ་རྡེབ་ཞོར་ས་ངོས་དང་བར་ཐག་རིང་སར་མི་འཕུར།མགོ་བོ་ཀྲོག་ཀྲོག་ངང་ལྡིང་སྐོར་རྒྱག་བཞིན་ངའི་འགྲོ་སྟངས་ལ་ཧབ་ཆ་རྒྱག་བཞིན་པ་འདྲ།

མཚན་ནུབ་དེར་ཁ་པར་ལས་བཤད་པའི་དུས་ཆད་དེའི་སྟབས་ཀྱིས་གོམ་སྟབས་སྒྱུར་བཞིན་ཡོད་ཀྱང་། སེམས་ངོགས་སུ་གར་ཡོང་མི་ཤེས་པའི་འཚབ་སྣང་ཡན་གར་བ་ཞིག་དབང་མེད་དུ་སྐྱེས་ཡོང་། ཡིན་ཡང་། གང་ཡང་མི་བསམ་པར་ཨུ་ཤུ་ཞིག་འཐེན་ནས་འོལ་ཚོད་ཀྱིས་ཐོག་ཁང་གི་ཐེམ་སྐས་རེ་རེ་སྤོ་བཞིན་བཞི་ཐོག་ཏུ་སོང་བ་ཡིན། མོ་ད་དུང་ཐོན་མེད། སྒེས་ཁུང་ལས་སློབ་གྲྭའི་ཁོར་ཡུག་ཡོད་དོ་ཅོག་ངའི་མིག་འོག་ཏུ་ཐང་མར་བརྡལ་བའི་ཁོ་མོའི་རྒྱབ་གཟུགས་བཙལ་ཀྱང་། ད་དུང་ཡང་བག་ཕེབས་རྒྱུ་བའི་ཕུག་རོན་འགའ་ལས་ཅི་ཡང་མེད། ཞོགས་པའི་ཉི་ཟེར་སྤྲིན་ཕུང་འགའི་གསེབ་ནས་ཁད་ཀྱིས་སྐྱ་མོག་གེར་གང་ཞིག་གི་རེ་སྒུག་དང་ཞེན་ཆགས་རུམ་ནས་ནམ་མཁའི་མཐོངས་དབྱིངས་སུ་མངོན། སློབ་མ་རེ་འགས་ཁུག་མ་རེ་རྒྱབ་ཏུ་ཁུར་ནས་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་འགྲོ་བཞིན་མཆིས། དེ་དང་ལྷན་དུ་མོ་སླེབས་བྱུང་། མོའི་གོམ་པའི་འདེགས་འཇོག་དང་བསྟུན་ནས་འཚབ་སྣང་སྔར་ལས་ཇེ་ཆེར་གྱུར་ནས་ཚགས་སུ་ཆུད་པའི་སེམས་ཀྱི་སྐད་ཆ་དག་ཐོལ་བྱུང་ངང་དྲན་ངོགས་ནས་རབ་རིབ་ཏུ་གྱུར། འཚབ་སྣང་དེ་འགེབས་ཆེད་ངའི་འཛུམ་ཆུང་ཞིག་གི་མོ་བསུས་ནས་ཉེ་བར་གཏུག་པ་ཡིན། དཀར་ཞིང་འཇམ་པའི་ཞལ་རས་དང་སྨིན་དཀྱུས་རིང་བའི་འོག་གི་མིག་ཟུང་ཆུང་ནའང་སྙིང་རྗེ་བའི་བཟོ་ལྟ་ཞིག་ངང་གིས་མངོན། མོའི་གནག་ཅིང་སྣུམ་པའི་སྐྲ་སྣེ་ལག་པས་བྱིལ་བྱིལ་བྱེད་བཞིན་། སྒེའུ་ཁུང་ལས་འཛུལ་ཡོང་བའི་གྲང་རླུང་གདོང་ལ་མངོན་མེད་དུ་རྒྱུ་བའི་སྐྲའི་ཉག་མ་དམར་ཞིང་དོད་པའི་འགྲམ་པའི་གཡས་གཡོན་དུ་ལྷུང་། ཆུང་ཞིང་གཡེར་བའི་ལག་ཟུང་གིས་སྐྲའི་ཉག་མ་འགའ་ཟ་འགྲམ་དུ་གསེབ་ནས། མགོ་བོ་སྒུར་ནས་མངོན་ཆུང་ངང་ཁ་རོག་གེར་ངའི་སེམས་ངོགས་ཀྱི་སྐད་ཆ་དག་ལ་སྒུག་པ་འདྲ། ངས་མོ་ལ་ཆེས་སྤྱི་སྟངས་ཀྱི་སྐད་ཆ་ཞིག་ལས་གཞན་གང་ཡང་བཤད་མ་ཐུབ། དངོས་གནས། ང་དེ་ལྟ་བུའི་མངོན་ཆུང་ཞིག་ཡིན་ནམ། མིན་ཏེ། དེ་ནི་ཆེས་ཐོག་མའི་དུས་ཆད་དེའི་སྟབས་ཀྱིས་ཡིན།

སྙིང་ཉེ་ལགས། ད་ལྟ་ལོ་ཟླ་མང་པོ་ཞིག་འགོར་ཟིན། འུ་གཉིས་ཀྱིས་དུས་ཆད་ཀྱང་མང་པོ་རེ་བྱས་མྱོང་། ངར་ད་ལྟ་དེ་འདྲའི་འཚབ་སྣང་ཞིག་མི་སྐྱེ། དེ་ནི་འུ་གཉིས་ལོ་ཟླ་གང་མང་ཞིག་གི་འདང་བརྩེ་ཡིས་བརྩེ་དུང་གི་སྲུང་ཁྲག་གྱུར། ཡང་ན། ལྡུམ་ར་གཅིག་ནས་འདང་གི་ཉི་ཁ་དྲོན་པོར་སྐྱེས་བའི་སྣང་བའི་མེ་ཏོག་རྐང་གཅིག་ཡིན་སྟབས། དུས་ཆད་ནི་འུ་གཉིས་ལ་དབང་བའི་ཆེས་མཛེས་སྡུག་གི་བཞད་པའི་རེ་སྙེག་གི་ཉིན་མོ་གཞན་ཞིག།

སྙིང་ཉེ་ལགས། དུས་ཆད་ཀྱི་ཉིན་མོར་སེམས་ཀྱི་སྐད་ཆ་དག་ངག་སྒོ་ལས་མ་འཕྲོད་ཀྱང་། འུ་གཉིས་ཀྱི་མིག་མདངས་ལས་སེམས་ཀྱི་སྐད་ཆ་དག་སེམས་ངོར་འཕྲོད་ངེས། 


  • ལེ་ཚན་སྔོན་མ།:ཕ་ཡུལ་ནི་ཞེན་ཆགས་ཀྱི་བསླུས་པའི་ནམ་མཁའ་དེ་ཡིན་པར་སེམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།