ངའི་རེ་སྨོན།

གློག་འོད།        2023-09-22

ཁྱོད་ནི་དྲོད་ཁོལ་རབ་ཏུ་འབར་བའི་ཉི་མ་

དེ་མིན་པར་ཤོག།

ང་ལ་གཅེས་སྤྲས་ཀྱིས་འོད་སྣང་ལམ་ལམ་དུ་

བསྩལ་རུང་།

ངས་ཁྱོད་མེད་པའི་ཁེར་རྐྱང་གི་མཚན་སྨག་དེར།

འཁྱག་རླུང་གི་ངར་ཁ་རེ་ཐེག་པར་དཀའ་འདུག།

ཁྱོད་ནི་བསིལ་འཇམ་གྱི་རླུང་བུ་ཞིག་མིན་པར་ཤོག།

ཁྱོད་ཀྱིས་ལ་ལུང་མང་པོ་ཞིག་བསྐྱུར་ནས།

ངའི་འཁྲིས་སུ་འཇམ་ཉམས་ཀྱིས་འཁོར་ན་ཡང་།

ཁྱོད་ཉིད་ཐག་རིང་ཞིག་ལ་བཞུད་སོང་བའི་གཞུག་ཏུ།

ངའི་དྲན་གདུང་གི་ལོ་ཟླ་འདི་ལ་རྫོགས་མཐའ་

མེད་འགྲོ།

ཁྱོད་ནི་མཛེས་སྡུག་གིས་བཞད་པའི་འཇའ་ཚོན་

ཞིག་མིན་པར་ཤོག།

ངའི་ཡིད་སེམས་ཀྱི་ཞིང་ཁམས་ལ་མཚར་སྡུག་

གིས་ཁེངས་ཀྱང་།

ཁྱོད་རང་གློ་བུར་དུ་ཡལ་སོང་བའི་ཉིན་དེར།

ངས་བདེ་སྐྱིད་ཀྱི་འདུན་མ་དེ་སུ་ལ་བཅོལ་ཨང་།

སྙིང་ཉེ་མ།

ཁྱོད་རང་སྤྲིན་པ་དཀར་པོ་བཞིན།

ཁོ་བོའི་སེམས་ཀྱི་མཁའ་དབྱིངས་སུ་ཁྱབ་པ་

ནས་བཟུང་།

ངས་འདོད་སེམས་ཀྱི་ལག་པ་དགུང་ལ་བསྲིངས་ཡོད།

ཁྱོད་རང་སྨུག་པ་བཞིན།

ངའི་ཚོགས་དྲུག་གི་ལ་ལུང་དུ་འཐུལ་ཡོང་བ་

ནས་བཟུང་།

ངས་རེ་སྨོན་གྱི་དར་ལྕོག་དེ་ཁྱོད་ཀྱི་ཕྱོགས་སུ་

བཏང་ཡོད།

སྙིང་ཉེ།

ཁྱོད་ཉིད་ངའི་ཡིད་ཀྱི་ཞིང་ཁམས་དེར།

མཛེས་བཟང་གི་དྲི་བསུང་ཤིག་ཤིག།

བྱམས་བརྩེ་ཡི་འདབ་ལོ་ལྡེམ་ལྡེམ་དུ་གཡོ་བ་

ནས་བཟུང་།

ངའི་སྐྱེ་བ་འདིའི་ཚེ་སྲོག་གི་ཟུངས་ཁྲག།

ཁྱོད་ཀྱི་སླད་དུ་བཞུར་བར་འདོད།

ངས་ཚེ་རབས་འདིའི་གོམ་ཁ།

ཁྱོད་ཀྱི་ཆེད་དུ་བསྒྱུར་བར་འདོད་དོ།།



  • ལེ་ཚན་སྔོན་མ།:ཟླ་དགུ་བའི་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།