དགེ་རྒན་ཞིག་ཡིན་ན་བསམས་བྱུང་།

ཆོས་འབྱོར་རྒྱ་མཚོ།        2023-09-13

བྱ་ཞིག་ཡིན་ན་བསམས་བྱུང་།། བྱིའུ་ཞིག་ཡིན་ན་བསམས་བྱུང་།། ཞེས་བྲིས་པའི་ཚིག་འབྲུ་འདི་དུངས་བརྗོད་སྙན་ངག་གི་གྲས་སུ་ཚུད་པར་བསམ་གཞིག་གཏོང་མཁན་ག་ཚོད་ཡོད་རེད། གཅིག་བྱས་ན་ཉུང་ལ། གཉིས་བྱས་ན་ཧ་ཅང་མང་པོ་ཡོད་སྲིད། དགེ་རྒན་ཞིག་ཡིན་ན་བསམས་བྱུང་ཞེས་ཚིག་འབྲུ་འདི་ཁ་བྱང་དུ་བྲིས་ཤིང་ཁ་སྒོ་ནས་འཆོར་དུས། གྲོགས་པོ་སྐོར་ཞིག་གིས་ཡ་མ་བརླ་ཞིག་ཏུ་འཇོག་ལ། ཡང་མི་བུ་སྐོར་ཞིག་གིས་དགེ་རྒན་ཞིག་ཡིན་ན་བསམས་བྱུང་ཞེས་པ་ལ། སྙིང་པོ་ནོར་བུ་ལྟ་བུ་ཞིག་མཆིས་པ་རྟོགས་ཤིང་། ཡང་འགའ་ཞིག་གིས་དགེ་རྒན་ཞིག་ཏུ་གྱུར་དུས་དཀའ་ངལ་ཆེ་བས་དགོས་པ་ཆུང་ངོ་ཞེས་དཔྱད་པའང་བྱ་ངེས། གལ་ཏེ། མི་བུ་ཞིག་གིས་དགེ་རྒན་ཞིག་ཡིན་ན་བསམས་ཤིང་། དགེ་རྒན་ཞིག་ཏུ་གྱུར་སོང་ན་སློབ་མ་ག་ཚོད་ཅིག་བསྐྱང་དགོས་ཤིང་། སློབ་མ་དེ་དག་ལ་སློབ་གསོ་ཇི་ལྟར་གཏོང་བའི་བསམ་གཞིག་སྔོན་ལ་གཏོང་དགོས་པ་ཞིག་ཡིན་ནམ།

ངས་མི་ཚེ་འདིར་དགེ་རྒན་ལ་རིགས་གཉིས་རྟོགས་ཡོད། དགེ་རྒན་གཅིག་སྟེ། རང་གི་སློབ་མས་རང་གིས་གང་ཁྲིད་པ་དེ་ཁོ་ན་ཤེས་དགོས་ཤིང་། དེ་བས་གཞན་ཤེས་རྒྱུ་དང་སྦྱང་ན་ཆོག་པའི་གནངས་བ་མི་སྟེར། གནངས་བ་མི་སྟེར་ཞུ་བ་དེའང་དགེ་རྒན་རང་གིས་སློབ་མ་ལ་ཁྲིད་གཞི་དེ་ལས་སློབ་མས་གཞན་ཞིག་ལ་འབད་དུས་ཐུགས་མི་དགྱེས་པ་ལ་ཞུ་བ་ཡིན། ཡང་དགེ་རྒན་གཅིག་ནི་སློབ་མས་རང་གི་ཁྲིད་པ་དེ་ལས་གཞན་ཞིག་ཤེས་པ་ལ་སྦྱངས་བརྩོན་བྱེད་དུས། དེ་ལ་འབད་ཅིང་བརྩོན་པ་དང་དེ་ལས་གྲུབ་འབྲས་ཐོབ་པར་སྨོན་ལམ་དང་སྒུལ་ཤུགས་སྩོལ་གྱིན་ཡོད། ཁྱོད་རང་ཁོ་བོས་ངོ་ཤེས་པའི་དགེ་རྒན་གང་གི་གྲལ་དུ་གཏོགས་ཤིང་། ཁྱོད་ཀྱིས་ཁོ་བོས་ངོ་ཤེས་བྱུང་བའི་དགེ་རྒན་རིགས་གཉིས་ལས་གང་ལ་ཡིད་སྨོན་དང་མེ་ཏོག་བསྟབ་བམ།

སྤྱིར་བཏང་། དགེ་རྒན་ལ་རིགས་ཧ་ཅང་མང་པ་འདིར་བཤད་མི་དགོས་པར་གང་ཀློག་པ་པོའི་ཡིད་དུ་ཝ་ལེར་ཡོད་པ་བཤད་པས་དགོས་པ་ཆུང་། ངས་དགེ་རྒན་ཞིག་ཡིན་ན་བསམས་བྱུང་ཞེས་གླེང་བཞིན་པའི་དགེ་རྒན་དེ་ནི་སྐད་ཡིག་སློབ་ཁྲིད་བྱེད་པའི་དགེ་རྒན་ལ་ཞུ་ཞིང་། མཚམས་འདིར་ཁོ་བོས་སྲོལ་རྒྱུན་སྙན་ངག་སྨྲ་བའི་གཙོ་བོ་སློབ་དཔོན་དབྱུག་པ་ཅན་དེའི་ཕྱག་ལ་དབྱུ་གུ་འཆང་ཡོད་ཅེས་པའི་གཏམ་དེ་ལ་འདང་བརྒྱབ་པ་ཡིན་ལ། འདང་རྒྱག་དེ་ལས་ཁོ་བོས་འདས་པའི་མི་ལོ་འགའི་སྔོན་གྱི་དགེ་རྒན་ཞིག་དྲན་པར་བྱས། སྐབས་དེ་དུས་ཀྱི་ཁོ་བོའི་དགེ་རྒན་སློབ་དཔོན་དབྱུག་པ་ཅན་བཞིན་ཕྱག་ལ་དབྱུ་གུ་མི་ཐུང་མི་རིང་བ་ཞིག་བཟུང་ཡོད་པ་དྲན། དགེ་རྒན་སུ་ཞིག་གི་སློབ་མ་ཡོད་དོ་ཅོག་བག་ཡོད་དང་ཁ་དྲོ་བ་ཞིག་ཡིན་ནམ། དེ་སླད། སློབ་མ་སྐོར་ཞིག་ལ་དབྱུ་གུས་བཟང་ལམ་དང་ངན་ལམ། འདི་དང་དེ་ཞེས་སྟོན་གྱིན་ཡོད་པའི་ངེས་ཤེས་ཤིག་དགེ་རྒན་ཞིག་གིས་དབྱུག་ལྕག་གཞུས་ནས་མི་ལོ་འགའ་སོང་རྗེས་རྟོགས་ཡོང་།

གལ་ཏེ་ཁྱོད་རང་དགེ་རྒན་དཀྱུས་མ་ཞིག་ངེས་པར་དུ་བྱ་འདོད་ན། ཡིད་འཇོག་དགོས་པ་འགའ་དང་དང་དུ་ལེན་དགོས་པ་འགའ་ཡོད། དང་པོ།འཐད་ནས་བྱིན་པའི་སློབ་ཡོན་ལས་སློབ་ཡོན་དམིགས་གསལ་མེད་ན་སློབ་ཁྲིད་མི་བྱེད་པའི་མི་ཞིག་ཡིན་ན་ཁྱོད་རང་ལ་དགེ་རྒན་མི་ཞུ་ཞིང་། ཁྱོད་ཀྱིས་སློབ་ཁྲིད་བྱས་ཡོད་པའི་བྱིས་པ་དེ་དག་ཁྱོད་ཀྱི་སློབ་མའང་མིན། གཉིས། སློབ་མའི་སེམས་ཁམས་ལ་གནོན་ཤུགས་མེད་པར་སྤྲོ་སྣང་བསྩལ་དགོས་ཤིང་། གནོན་ཤུགས་བསྩལ་ནས་སློབ་མ་བསྐྱངས་ན་ཁྱོད་རང་ཤེས་རབ་མེད་པའི་དགེ་རྒན་ཡིན། གསུམ། ཁྱོད་ཀྱིས་སྔོན་ལ་དཔེ་ཀློག་མ་བྱས་པར་ཅི་མི་སྙམ་པར་སློབ་མ་དག་ལ་འཆད་ཁྲིད་བྱེད་ན་ཁྱོད་རང་འགན་ཁུར་མེད་པའི་དགེ་རྒན་ཡིན། བཞི། རང་གིས་མ་ཤེས་པའི་རིག་གནས་དག་ལེགས་པར་མ་སྦྱངས་ནས་སློབ་མ་རྣམས་ལ་འཁྱོག་བཤད་བྱས་ན་དེ་ནི་ཆེས་ནག་ཉེས་ཆེ་བའི་དགེ་རྒན་ཞིག་ཡིན། ལྔ། སློབ་མར་བསྟུན་དྲགས་ཏེ་ངལ་གསོ་མང་པོ་བྱིན་ནས་སློབ་མ་སྐྱོང་བའི་དགེ་རྒན་ཞིག་ཡིན་ན་ཁྱོད་རང་སློབ་མའི་དུས་ཚོད་ལ་རིན་ཐང་མི་འཛིན་པའི་དགེ་རྒན་ཡིན། དེ་དག་ལ་ཡིད་འཇོག་དགོས་ཤིང་། གཅིག། ཁྱིམ་བདག་གི་སྡིགས་སྨོད། གཉིས། སློབ་མས་གུས་བཀུར་མི་བྱེད་པ། གསུམ། སློབ་མ་དག་གི་སློབ་ཁྲིད་ལ་ཕྱོགས་རིས་མེད་པ། བཞི། རང་དོན་དུ་བྱ་བ་མང་པོ་སྒྲུབ་མི་ཐུབ་པ་དག་དང་ལེན་བྱ་དགོས། ནམ་རྒྱུན་ཁོ་བོས་འཇིག་རྟེན་འདིའི་སྟེང་ན་དཀོན་ཅོག་ཅིག་ཡོད་པ་དགེ་རྒན་དཀྱུས་མ་ཞིག་མཆིས་པ་དེ་རེད་སྙམ་པའི་བློ་དེས། ལར་འདི་ཉིད་དམན་པ་ཁོ་བོས་དགེ་རྒན་དཀྱུས་མའམ་ཡང་དག་པའི་དགེ་རྒན་ལ་དགོས་པ་ཞིག་ཏུ་བསམས་པས་བྲིས་པ་ཡིན་པས། ཡིད་རྟོན་མཆིས་མིན་དཔྱོད་ཅིག བཀྲ་ཤིས་ཤོག།



  • ལེ་ཚན་སྔོན་མ།:དགེ་རྒན་ནི་ཅི་ཞིག་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།