ཉག་ཆུ་རྫོང་གིས་ཤ་མོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་བཏོད།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-09-13

ཉེ་ཆར། ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཤོག་མི་ཚེ་སྐྱིད་གྲོང་ཚོའི་ཤ་མོའི་རྟེན་གཞི་འཛུགས་སྐྲུན་བྱ་ཡུལ་དུ་བཟོ་པ་ཚོས་ཤ་མོའི་སྒྲོམ་གཞི་སྒྲིག་པ་དང་སྐུད་ལམ་འདིང་བར་བྲེལ་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

“དུས་ཐེངས་དང་པོའི་ལས་གྲྭའི་ནང་ཤ་མོ་དྲོད་ཁང40དང་ངར་ལྕགས་ལས་གྲུབ་པའི་བཟོ་ཁང་སྟར་པ་གསུམ་ཡོད། མིག་སྔར་ལས་གྲྭའི་འཕེལ་རིམ་བརྒྱ་ཆ70ལེགས་གྲུབ་ཟིན་ཡོད། སྤྱི་ཟླ9པའི་ཚེས10ཉིན་ནས་ཤ་མོའི་དྲོད་ཁང1ནས5བར་བེད་སྤྱོད་གཏོང་རྩིས་ཡོད། དུས་མཇུག་གི་ཤ་མོ་དྲོད་ཁང་དང་བཟོ་ཁང་སྐྲུན་བཞིན་ཡོད་པས་སྔ་ཙམ་བསྐྲུན་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད་”ཅེས་སི་ཁྲོན་ཕང་པོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གི་ལག་རྩལ་མི་སྣ་ཏེང་ཞང་གིས་ངོ་སྤྲོད་བྱས་པ་དང་། མིག་སྔར་སྐྲུན་བཞིན་ཡོད་པའི་ཉག་ཆུ་རྫོང་གི་ཤ་མོའི་རྟེན་གཞིའི་ལས་གཞི་དུས་ཐེངས་དང་པོའི་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི2716.61བཏང་བ་དང་།རྒྱ་ཁྱོན་སྨི་ངོས་གྲུ13508ཟིན་པའི་ནང་ཤ་མོ་གསོ་ཁང་སྨི་ངོས་གྲུ3200དང་།ཤ་མོ་ཐོན་ཁང་སྨི་ངོས་གྲུ6016ཟིན་པ་དང་ཆབས་ཅིག་ཆུ་དང་གློག་སོགས་ཞོར་གཏོགས་རྨང་གཞིའི་སྒྲིག་བཀོད་ཀྱང་སྒྲིག་སྦྱོར་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉག་ཆུ་རྫོང་གི་ཤ་མོའི་རྟེན་གཞི་འཛུགས་སྐྲུན་ལས་གཞིར་དུས་མཚམས་གཉིས་སུ་ཕྱེ་བ་དང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ77773.84ཟིན་ཞིང་། དེའི་ནང་ཤ་མོ་ལས་སྣོན་བཟོ་གྲྭ་དང་། ཞིང་ལས་ལག་རྩལ་ཞབས་ཞུ་ལྟེ་གནས། ས་ཁོངས་ཧྲིལ་པོའི་ཚོད་ལྟའི་འགྲེམས་སྟོན་ཁང་། སྐྱེ་ཁམས་ཞིང་ལས་ཐོན་སློབ་ཞིབ་གསུམ་གྱི་སློབ་གསོའི་རྟེན་གཞི། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་དང་།དེ་བཞིན་ཞོར་གཏོགས་ལེ་ལག་ཚང་བའི་སྒྲིག་བཀོད་གཞན་དག་གི་འཛུགས་སྐྲུན་བཅས་ཚུད་ཡོད་པ་རེད། དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་རྗེས། ཤ་མོའི་རིགས་གཙོ་བོར་བཏབ་ནས“ཁེ་ལས་དང་མཉམ་ལས་ཁང་།ཞིང་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་བརྒྱུད། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་གླ་པ་བྱེད་པ་དང་། ས་ཞིང་བརྒྱུད་སྤྲོད། ཁེ་སྤོགས་བགོ་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

“རྟེན་གཞི་བསྐྲུན་པ་ནས་བཟུང་ང་དང་གྲོང་མི་རྣམས་ལ་ཁོམ་པ་ཡོད་དུས་འདི་གར་གླ་པར་ཡོང་གི་ཡོད། ཟླ་རེར་གཏན་འཇགས་ཡོང་འབབ་ཡོད་པ་རེད། ལས་གཞི་བསྐྲུན་རྗེས་ང་ཚོ་དེར་གླ་པར་ཡོང་ན་འབབ་འཕར་ཡོང་བར་མ་ཟད། ད་དུང་ཁྱིམ་ལ་ལྟ་རྟོག་ཀྱང་བྱེད་ཐུབ་ཀྱི་འདུག”ཅེས་མི་ཚེ་སྐྱིད་ཀྱི་གྲོང་མི་དབང་རྒྱལ་གྱིས་དེ་ལྟར་བཤད།

ཉེ་བའི་ལོ་ཤས་རིང་། ཉག་ཆུ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཀྲུང་གོའི་བེ་ཤའི་ཐོན་ལས་གླིང་ཁུལ་གཡུལ་ས་གཙོ་བོར་བྱས་ཏེ་བེ་ཤ་གཙོ་བོར་བྱེད་པའི་ཤ་མོ་སྣ་ཚོགས་ཀྱི་ཐོན་ལས་འབྲེལ་ཐག་རྒྱུན་མཐུད་ངང་རྒྱ་ཆེར་བཏང་བ་རེད། ད་ལོར། མཁར་རིང་པོ་ཡུལ་ཤོག་འོད་ལྡན་གྲོང་ཚོ་དང་མི་ཚེ་སྐྱིད་གྲོང་ཚོ་གཉིས་ཀྱིས་སྔ་རྗེས་སུ་ཆིའུ་ཀའེ་ཤ་མོ་དང་ཤ་མངར་སོགས་ཤ་མོ་འདེབས་འཛུགས་རྟེན་གཞི་བསྐྲུན་པས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཕྱིན་པ་དང་། ཡུལ་སྡེ་དར་རྒྱས་གཏོང་བར་གསོན་ཤུགས་རྒྱུན་ཆད་མེད་པར་བསྣན། རྫོང་ཡོངས་ཀྱི་ཤ་མོ་ཐོན་སྐྱེད་ཐད་ཁ་ཕྱོགས་རང་བཞིན་གྱི་དཔེ་སྟོན་དང་སྐུལ་ཁྲིད་ནུས་པ་ཐོན་ནས་ཉག་ཆུ་རྫོང་གི“མཐོ་སྒང་གི་ཤ་མོ་གྲོང”བཏོད་པར་འགོ་ལེགས་པོ་ཚུགས་པ་རེད།།



  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གི་སྔོ་ཚལ་རྟེན་གཞིར་ལོ་ལེགས་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།