སང་ཉིན་ནས་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་སྤེལ་རྒྱུ་རེད།

བདེ་ཆེན།        2023-09-12

  སང་ཉིན་ནས་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་སྤེལ་རྒྱུ་རེད།

   སྤྱི་ཟླ9པའི་ཚེས11ཉིན། དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འགོ་ཚུགས་མཛད་སྒོའི་ནང་སྦྱོང་བྱེད་བཞིན་པའི་སྒང་རེད། འགོ་ཚུགས་མཛད་སྒོར་ཞུགས་དགོས་པའི་ལས་དོན་མི་སྣ་དང་འཁྲབ་སྟོན་པ། ལུས་རྩལ་པ། ཤན་འབྱེད་པ་བཅས་ཀྱི་འཐུས་ཚབ་ཚོ་མཉམ་དུ་འཛོམས་ཏེ། ད་རེས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་ལེ་ལག་ཚང་བའི་རིག་རྩལ་འཁྲབ་སྟོན་གྱི་བརྒྱུད་རིམ་སླར་ཡང་ལེགས་སུ་གཏོང་བ་དང་སླར་ཡང་ཞིབ་ཕྲ་འཐུས་ཚང་། སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ལས་ལ་མཐའ་གཅིག་ཏུ་འབད་དེ། ད་རེས་ཀྱི་ལུས་རྩལ་འགྲན་ཚོགས་དེ་ངོ་མཚར་ཆེ་བ་དང་ཕུལ་དུ་བྱུང་བ། སྤུས་ཚད་མཐོན་པོ་བཅས་ཡིན་པའི་ལུས་རྩལ་འདུ་ཚོགས་ཤིག་གཉེར་བའི་ཆེད་མཐའ་མའི་གདོང་མཆོང་བྱ་རྒྱུ་ཡིན་པ་རེད།

སང་ཉིན་ནས་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་སྤེལ་རྒྱུ་རེད།


    ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ9པའི་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད9པར་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་འགོ་ཚུགས་རྒྱུ་རེད། འགོ་ཚུགས་མཛད་སྒོའི་གཙོ་དོན་ནི་གནས་མཆོག་དཀར་མཛེས་ཁུལ་དུ་ལག་གདང་མཉམ་དུ་སྦྲེལ་ཏེ་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ལ་རོལ་ཞེས་པ་ཡིན་ཞིང་། སྔོན་འགྲོའི་ཚན་དང་རུ་བསྟར་གྲུ་བཞི་ཚོགས་རར་ཞུགས་པ། རྒྱལ་དར་སྒྲེང་བའི་མཛད་སྒོ། མགོ་ཁྲིད་ཀྱིས་ཤིས་ཚིག་སྒྲོན་པ། འཐུས་ཚབ་མི་སྣས་དམ་བཅའ་འཇོག་པ། རིག་རྩལ་འཁྲབ་སྟོན་ཆེ་གྲས་སོགས་ཀྱི་བར་ཚིགས་ཡོད་པ་རེད། རིག་རྩལ་འཁྲབ་སྟོན་ནི་དར་རྒྱས་ཆེ་བའི་དཀར་མཛེས་ཁུལ་དང་ལྗང་མདོག་གི་དཀར་མཛེས་ཁུལ། ལུས་རྩལ་ཀྱི་དཀར་མཛེས་ཁུལ་བཅས་ལེ་ཚན་གསུམ་ལ་བགོས་ཡོད་ཅིང་། རང་ཁུལ་གྱི་མི་རིགས་རིག་གནས་དང་གོས་རྒྱན་རིག་གནས། གླུ་གར་རིག་གནས། དེ་བཞིན་དཀར་མཛེས་ཁུལ་ཡོངས་ཀྱི་བདེ་ཐང་དང་ལུས་རྩལ་འཕེལ་ཁ་དར་བའི་གྲུབ་འབྲས་བཅས་ཅིག་ཅར་དུ་བསྟན་རྒྱུ་རེད། སྐབས་དེ་དུས་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིང་ཆེན་དང་ཁུལ། རྫོང(གྲོང་ཁྱེར)བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་གདན་ཞུ་བྱ་རྒྱུ་དང་། དར་མདོའི་ལས་བྱེད་པ་དང་མང་ཚོགས། ས་གནས་ཁག་གི་སྐུ་མགྲོན། ཡུལ་སྐོར་བ་སོགས་ལུས་རྩལ་ཐང་ཆེན་དུ་ལྟད་མོ་བལྟ་བར་བསྐྱོད་པ་དང་ཆབས་ཅིག།   ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་སོགས་གསར་འགྱུར་འཕྲིན་སྦྱོར་གྱིས་འགོ་ཚུགས་མཛད་སྒོའི་གནས་ཚུལ་ཐད་གཏོང་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་སྡུར་བདེ་བླག་ངང་སྤེལ་ཐུབ་པའི་ཆེད། དཀར་མཛེས་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་སྔ་སྣུར་དུ་ལས་དོན་ཁག་སྤེལ་ཞིང་། དེའི་འོག་ཏུ་གཞུང་དོན་ཁང་དང་འགྲན་སྡུར་ཚན་ཆུང་། འགོ་ཚུགས་དང་མཇུག་འགྲིལ་ཚན་ཆུང་། བདེ་འཇགས་སྲུང་སྐྱོང་ཚན་ཆུང་སོགས་འགན་ནུས་ཚན་ཆུང10བཙུགས་ཏེ། རང་འགན་རང་འཁུར་དང་མཐུན་སྦྱོར་མཉམ་ལས་བྱས་པ་རེད། ད་རེས་ཀྱི་ལུས་རྩལ་འགྲན་ཚོགས་སུ་མཆོང་རྒྱུག་འཕེན་གསུམ་དང་སླེ་གྲུག། རྐང་གྲུག། འཕེན་འཕང་སྤོ་ལོ། རྒྱལ་སྤྱིའི་ལུགས་ཀྱི་སྦེ་ག། འབོལ་འཇུ།  གླང་ཆེན་ས་གཤགས་སོགས་རྣམ་གྲངས་ཆེ་གྲས7དང་རྣམ་གྲངས་ཆུང་གྲས113ཡོད། སྤྱི་ཟླ9པའི་ཚེས13ཉིན་ནས་སྤྱི་ཟླ9པའི་ཚེས21ཉིན་བར་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དང་དཀར་མཛེས་ཁུལ་མི་རིགས་ལུས་རྩལ་ཁང་། དཀར་མཛེས་ཁུལ་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སོགས་སུ་དུས་གཅིག་ཏུ་སྤེལ་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཤོག་དམག78པར་གཟིགས་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་གསེར་རྟ་རྫོང་གི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནན་གསུང་གནང་།
  • དོ་སྣང་ཆེ་བའི་རྩོམ།