དགེ་རྒན་ནི་ཅི་ཞིག་རེད།

ལྡེའུ་ནག        2023-09-13

དགེ་རྒན་ནི་ཅི་ཞིག་རེད། ང་ཚོའི་ཅི་ཡང་དབུལ་བའི་སེམས་པའི་ཐང་ཆེན་དུ་མེ་ཏོག་རིགས་འདྲ་མིན་སྣ་ཚོགས་པ་ཞིག་སྐྱེས་སུ་འཇུག་མཁན་དེ་རེད་ལ། མེ་ཏོག་དཀར་དམར་སྣ་ཚོགས་སྐྱེས་སུ་འཇུག་པ་ཙམ་མ་ཡིན་པར་མེ་ཏོག་གི་འདབ་མ་རེ་རེ་བཞིན་དུ་མཛེས་སྡུག་གི་རྣམ་པར་བསྒྱུར་མཁན་དེ་ཡང་རེད།

དགེ་རྒན་ནི་ཅི་ཞིག་རེད། ང་ཚོའི་མདུན་ཕྱོགས་སུ་འཁྲིགས་བཞིན་པའི་ནག་ནོག་གི་ཐལ་རྡུལ་རབ་རིབ་དེ་དག་ལྷག་བསམ་དང་བྱམས་བརྩེའི་རླུང་བུ་འབའ་ཞིག་གིས་བསལ་མཁན་དེ་རེད་ལ། ལམ་ཕྲན་གྱི་སྨུག་པ་རབ་རིབ་བསལ་བ་ཙམ་མ་ཡིན་པར་དེ་ལས་རྒྱང་ཐག་རིང་བའི་གནས་ཤིག་ཏུ་འོད་སྟོང་ལྡན་པའི་ལམ་ཁ་ནི་འདི་འོ་ཞེས་ས་མཁན་གྱི་བྱེད་པོ་དེ་ཡང་རེད།

དགེ་རྒན་ནི་ཅི་ཞིག་རེད། ང་ཚོས་ཅི་ཞིག་གནས་ལུགས་ཡང་དག་ཡིན་མིན་དང་། གང་ཞིག་ལེགས་ཉེས་བླང་དོར་གྱི་དོན་ལ་མགོ་བོ་འཁོར་བའི་སྐབས་སུ་ནོར་བ་མེད་པའི་ལམ་དེ་ར་སྤྲོད་བྱེད་མཁན་དེ་རེད་ལ། ར་སྤྲོད་བྱེད་པ་ཙམ་མ་ཡིན་པར་མི་ཚེའི་ཀྱག་ཀྱོག་གི་འདམ་རྫབ་ཁྲོད་ནས་ཚབས་ཆེ་བའི་ནོར་འཁྲུལ་གྱི་གཡང་གཟར་ལས་སྐྱོབ་མཁན་དེ་ཡང་རེད།

དགེ་རྒན་ནི་ཅི་ཞིག་རེད། རང་ལ་མི་ཚེའི་ནང་དུ་ཕུགས་བསམ་ཅི་ཡང་མེད་པའི་ལྡོམ་པོ་ཞིག་ལ། ཕུགས་བསམ་གྱི་འདུ་ཤེས་སྦྱིན་མཁན་དེ་རེད་ལ། ཕུགས་བསམ་གྱི་འདུ་ཤེས་སྦྱིན་པ་ཙམ་མ་ཡིན་པར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་ཕ་མ་ལྟ་བུའི་གཉེན་ཉེ་གཅིག་པུ་དེ་ཡང་རེད།

དགེ་རྒན་ནི་ཅི་ཞིག་རེད། མ་ཤེས་པ་སློབ་ཅིང་། མ་རིག་པ་གསལ་བཤད་བྱེད་མཁན་གྱི་འཇིག་རྟེན་འདིའི་སྟེང་གི་ཆེས་ཕུལ་བྱུང་གི་བརྩེ་བ་དང་ཤེས་རབ་མངའ་མཁན་དེ་རེད་ལ། ཤེས་རབ་མངའ་ཙམ་མ་ཡིན་པར་ཤེས་རབ་དེའི་བྱེད་ལས་ཀྱིས་མི་གཞན་གྱི་མི་ཚེའི་ཁ་ཕྱོགས་ལ་འགྱུར་བ་གཏོང་ནུས་པའི་སྒྲོན་མེ་ཞིག་དང་སྒོ་ཀུན་ནས་མཚུངས་པ་དེ་རེད་དོ། ། 


  • ལེ་ཚན་སྔོན་མ།:དགེ་བའི་བཤེས་གཉེན།
  • ལེ་ཚན་རྗེས་མ།:དགེ་རྒན་ཞིག་ཡིན་ན་བསམས་བྱུང་།