བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན།

ལོང་ལྐུག་གཟའ་སྨྱོན།        2023-09-08

ཤེས་བྱ་མཐའ་མེད་ཡངས་པའི་བར་སྣང་དུ། །

ཐོས་ནོར་ཉིན་མོར་བྱེད་པའི་འོད་སྣང་གིས། །

སྐྱེ་དགུའི་བློ་གྲོས་པད་མོའི་ཁ་འབྱེད་པའི། །

དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

ཡོན་ཏན་ནོར་བུས་གཏམས་པ་ཤེས་བྱའི་མཛོད། །

གཏིང་ཟབ་ཟླ་བས་འཕེལ་བའི་ས་སྲུང་གིས། །

དགེ་ལེགས་ཡིད་ཀྱི་སྐྱེད་ཚལ་མཛེས་བྱེད་པའི། །

དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

དགེ་སྡིག་རེས་སུ་འཁོར་བའི་སྲིད་པའི་མཚོར། །

ཤེས་རབ་འདབ་ལྡན་ངང་པའི་དེད་དཔོན་གྱིས། །

རྣམ་དག་རིགས་པས་འོ་མའི་བཅུད་འབྱིན་པའི། །

དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

གཞན་ཕན་ལྷག་བསམ་ཆུ་འཛིན་སྟུག་པོ་ལས། །

ཐུགས་བསྐྱེད་སྒྱུ་འཕྲུལ་རླབས་ཆེན་སྤྱོད་པ་ཡིས། །

སྤྲིན་གྱི་མྱུ་གུ་ཞི་བའི་གསོས་སྤྲོ་བའི། །

དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

ཀུན་ཏུ་འགྲིབ་པའི་མཚན་གྱི་ལམ་རིང་པོར། །

སྣང་མཐས་རབ་རིབ་འཇོམས་བའི་བསིལ་ཟེར་གྱིས། །

ལོག་སྲེད་ཡིད་ཀྱི་མུན་པ་འཕྲོག་བགྱིད་པའི། །

དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

ཟབ་ཡངས་བློ་གྲོས་མཐའ་བྲལ་ལྷ་ལམ་དུ། །

མཁའ་ལྡིང་ཤུགས་ཀྱིས་བགྲོད་པའི་གཤོག་འགྱུར་གྱིས། །

མཁས་གྲུབ་ལོ་པཎ་གཤེགས་པའི་ཤུལ་འཛིན་པའི། །

དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

འཚོ་གནས་ལམ་གྱི་བདེན་དོན་རླབས་པོ་ཆེ། །

འཚོལ་ཕྱིར་རིག་པའི་གཡོར་གྲུར་རབ་ཞུགས་ཏེ། །

མཐའ་དང་ཟད་དུ་མེད་པའི་ཆུ་གཏེར་དུ། །

རྣམ་དཔྱོད་བང་རྩལ་རྟ་ལས་མྱུར་བར་ཤོག །



  • ལེ་ཚན་སྔོན་མ།:ཡིད་མཁའ་ན་འོད་དུ་འཚེར་བའི་སློབ་དཔོན་ཐོན་མི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།