ཞི་ཅིན་ཕིང་གིས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་པོ་ལི་ཡ་ལི་ཚི་དང་མཇལ་འཛོམས་གནང་།

    ཀྲུང་གོ་བོད་སྐད་རླུང་འཕྲིན་ནས་དྲངས།    2023-09-11

སྤྱི་ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་པོ་ལི་ཡ་ལི་ཚི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ160སོང་རིང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཐད་སྤེལ་བའི་ཕན་འབྲས་ཀྱིས་ཕྱུག་པའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་འཛམ་གླིང་ཞི་བདེ་དང་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་ལོ་ངོ་བརྒྱ་ལྷག་ཙམ་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་ཞིག་བརྒྱུད་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྲན་སློང་མང་པོ་འཕྲད་པའི་ནང་ཁག་གཅིག་ནི་སྔོན་མ་བྱུང་མྱོང་བ་དང་ཁག་གཅིག་ནི་འགྲན་སློང་གསར་པ་ཡིན། དུས་བབ་འདིའི་འོག། ཀྲུང་གོས་ཐབས་མཁས་རང་སྲུང་མ་བྱས་པར་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་བརྒྱབ་སྟེ། ཐུན་མོང་ཐོག་ཐག་གཅོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགྲོ་བཅས་བཏོན་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། གཉིས་ཕན་མཉམ་རྒྱལ་བཅས་མངོན་འགྱུར་ཡོང་བ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་བཅོས་སྐྱོང་ལ་ཤུགས་རྒྱག་ཆེད་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཐུབ་ཆེད་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས། མི་ཆོས་རིང་ལུགས་ནི་ཤེས་དཔལ་མི་འདྲ་བ་གཅིག་སྡུད་ཐུབ་པའི་ཐུན་མོང་གི་ངོས་འཛིན་ཆེ་ཤོས་ཤིག་རེད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་དུ་འདུས་པའི“བྱམས་པ་ནི་གཞན་ལ་དགའ་ཞིང་བརྩེ་བ་དེའོ”ཞེས་པ་དང“གང་ཞིག་རང་གི་མི་འདོད་པ། དེ་ཉིད་གཞན་ལ་སྤྱད་མི་བྱ”ཞེས་པ་སོགས་ཀྱི་བསམ་བློ་དང་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ལས་འགུལ་གྱི་དམིགས་འབེན་གཉིས་མཉམ་འདྲེས་གཅིག་མཐུན་བྱུང་ཡོད། ཀྲུང་གོས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་བཟུང་ནས་མིའི་རིགས་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ཏོག་གསར་རིམས་ནད་ལ་ཁ་གཏད་བཅག་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱས་པར་མ་ཟད། ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་སྤྱོད་ཀྱང་སྤེལ་ཡོད། ཀྲུང་གོ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་བརྩི་བཀུར་ཞུ་མཁན་དང་། དེའི་ནང་ཞུགས་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་མཉམ་ལས་སྔར་བས་དམ་ཟབ་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།

སི་པོ་ལི་ཡ་ལི་ཚེས། ཀྲུང་གོ་ཉིད་སྐབས་49པའི་ནན་ཏིང་ཀེར་བྱ་དགའ་ཐོབ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེའི་ཐོག་ནས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་པ་མཚོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་དང་ལག་བསྟར་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་རམ་འདེགས་ཐུབ་ཡོད། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་ནས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་དེ་བཞིན་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།



  • ལེ་ཚན་སྔོན་མ།:དམངས་ཀྱི་དཀའ་ངལ་སེལ་བར་བྱས།། འཕེལ་རྒྱས་ལས་ལ་ཧུར་གྱིས་བརྩོན།།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།