ཡིད་མཁའ་ན་འོད་དུ་འཚེར་བའི་སློབ་དཔོན་ཐོན་མི།

འབྲི་ཁེར་འགྲོ།        2023-09-08

༼ ༡ ༽

རིག་སྨྲ་མཁན་གྱིས་རྟོག་བཏགས་མ་བཞེངས་ལོ་རྒྱུས་དཀྱོགས་མཚམས་རིང་མོ་ན། །

ཇོ་མོ་བླ་རིའི་ཡང་རྩེ་འདི་ནས་ཆུ་བོ་གང་གཱ་ལྷན་ཅིག་བཞུར། །

དབྱངས་གསལ་སོ་བཞིའི་སྔོན་རྗེས་མིང་སོགས་དཔའ་བོ་རུ་ཆེན་དཔུང་སྟར་སྒྲིག །

དེ་ནས་བཟུང་སྟེ་མི་བུ་གདུང་དྲུག་སྲིད་འབྱོར་རིག་གསུམ་ཕྱྭ་གཡང་འདུས། །

༼ ༢ ༽

ལྷོ་ཕྱོགས་གཉའ་བ་སྣང་གྲགས་སྲས་པོས་ཤེས་རབ་སྒྲོན་མེ་བཏེགས་ཕྱིར་དུ། །

འཕགས་ཡུལ་ཕྱོགས་སུ་ལོ་བདུན་ཞུགས་ནས་སམ་བྷོ་ཊ་ཡི་མཚན་སྙན་ཐོབ། །

ཡིག་རིགས་དྲུག་ཅུ་རྩ་བཞི་མ་ལུས་ཉིང་བཅུད་ཐུགས་སུ་ཧུབ་ཀྱིས་བཞེས། །

སྙན་གྲགས་བ་དན་དགུང་ན་འཕྱོ་ཞིང་ཧི་མ་ལ་ཡང་མཛེས་སྡུག་བརྒྱན། །

༼ ༣ ༽

ན་ཚོད་ཆུང་ཡང་ཕུགས་འདུན་ཟབ་པས་བཙན་པོའི་བཀའ་ལུང་ཕྲག་པར་ཁུར། །

གསེར་ཕྱེ་བྲེ་གང་རྒྱབ་ཏུ་ཁུར་ཞིང་བསིལ་སྨན་ཞལ་ཟས་རྒྱགས་ཕྱེ་གནང་། །

གཅན་གཟན་སྣ་ཚོགས་ངར་ཁ་བཙན་ཞིང་འདབ་གཤོག་འགྲན་སའི་བཤུལ་ལམ་ནས། །

སྐུ་ལུས་མྱངས་ཐང་ཚད་མེད་བསྐྱོན་ནས་ཉི་འོད་གསར་པ་ལྗོངས་འདིར་བསུས། །

༼ ༤ ༽

རྩི་ཤིང་སྣ་ཚོགས་འཛུམ་ཁ་བཞད་ཅིང་ཞོགས་པའི་ཉི་གཞོན་བརྩེ་འཛུམ་ཁྲོད། །

ཁྱེད་ཉིད་ཕེབས་པའི་དགའ་སྤྲོའི་སྟོན་མོ་སྲོང་བཙན་སྒམ་པོས་བཤམས་པ་མཛད། །

དེ་ནས་བཟུང་སྟེ་གངས་དཀར་རི་བོ་གཟི་མདངས་སྔར་ལས་རྒྱས་གྱུར་ཏེ། །

རང་སྐད་མཐུན་པའི་བསྟན་བཅོས་བརྒྱད་དང་མདོ་རྒྱུད་ཉེར་གཅིག་གཟི་བྱིན་འབར།

༼ ༥ ༽

སྒྲོ་བཏགས་ཤིག་དང་རྟོག་འཆར་མ་བསྐྲུན་སློབ་དཔོན་ཐོན་མིའི་ཕྱག་རྗེས་ཏེ། །

རྒྱལ་དང་རྒྱལ་ཕྲན་དབང་དུ་བསྡུས་མཁན་སྲོང་བཙན་དགྱེས་པའི་འཛུམ་ཞལ་སྟོན། །

ཡིག་དྲུག་དབྱངས་རྟ་མ་འགག་བར་དུ་ཨ་ནུའི་མཛད་རྗེས་རླབས་པོ་ཆེ། །

གཙང་ཆབ་སྔོན་མོའི་བཞུར་རྒྱུན་མི་ཆད་མི་འགྱུར་བྲག་རིའི་དཔལ་དང་མཉམ། །



  • ལེ་ཚན་སྔོན་མ།:དགེ་རྒན་ལགས།
  • ལེ་ཚན་རྗེས་མ།:བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན།