རྒྱལ་ཁབ་ཀྱིས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་བའི་ བྱེད་ཐབས་ཁག20བཏོན་པ།

    མི་དམངས་དྲ་བ་ནས་དྲངས།    2023-09-07

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཉེ་ཆར་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁྲུན་ལིན་གྱིས་ངོ་སྤྲོད་བྱས་པར།《འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས》ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ས་གནས་ཁག་དང་སྡེ་ཚན་ཁག་ལ་བརྒྱུད་འགྲེམས་བྱས་པ་དང་འབྲེལ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་པ་རེད། བྱེད་ཐབས་ནང་ཕྱོགས6ལ་དམིགས་ནས་ཞིབ་ཕྲའི་སྲིད་ཇུས་དང་བྱེད་ཐབས་ཁག20བཏོན་ཞིང་། དགེ་སྐྱོན་གཉིས་ཀར་བསམ་གཞིག་དང་དངོས་སྒྲུབ་ནུས་ལྡན་ཡོང་བ་བྱ་རྒྱུ་ཡིན་པ་རེད།

ལི་ཁྲུན་ལིན་གྱིས་དེ་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག། འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔར་དགོས་མཁོ་སླར་གསོ་དང་རྒྱ་ཆེར་གཏོང་བའི་འགག་རྩ་ཞིག་རེད། ལོ་སྟོད་དུ་རྒྱལ་ནང་གི་འཛད་སྤྱོད་ཁྲོམ་ར་ཁྱོན་ཡོངས་ནས་སླར་གསོའི་བརྒྱུད་རིམ་དུ་གནས་མོད། འོན་ཀྱང་འཛད་རྫས་རིགས་ཁག་གཅིག་གི་འཕེལ་ཕྱོགས་སྔར་བཞིན་བརྟན་པོ་མེད་པ་དང་། གྲོང་མི་ཁག་གཅིག་གི་འཛད་སྤྱོད་ཀྱི་ཡིད་ཆེས་ཆེན་པོ་མེད་པ་དང་སེམས་ཁྲལ་མང་བ། ཁྱབ་ཁོངས་ཁག་གཅིག་གི་འཛད་སྤྱོད་ཉམས་ལེན་ཡག་པོ་མེད་པ་དང་མྱོང་ཚོར་ཡག་པོ་མེད་པ་བཅས་ཡོད་པས། སྲིད་ཇུས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

བྱེད་ཐབས་ནང་འཛད་སྤྱོད་ཆེ་གྲས་བརྟན་པོ་ཡོང་བར། རླངས་འཁོར་ཉོ་སྒྲུབ་བེད་སྤྱོད་དོ་དམ་ལེགས་སུ་གཏོང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། འགྱུར་མེད་རང་བཞིན་དང་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པ། ཁང་པ་མཛེས་བཟོ་དང་ཁྱིམ་ཆས་དང་གློག་རྡུལ་ཐོན་རྫས་འཛད་སྤྱོད་བྱེད་མང་དུ་གཏོང་བ་བཅས་བྱ་དགོས་པ་བཏོན་ཡོད། བྱེད་ཐབས་ནང་འཛད་སྤྱོད་རྒྱ་ཆེར་གཏོང་བར་བཟའ་བཏུང་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཕུན་སུམ་ཚོགས་སུ་བཏང་ནས་ཕོགས་ཡོད་འཁོར་ཞག་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རིག་གནས་དང་། རོལ་རྩེད། ལུས་རྩལ་བཅས་ཀྱི་འགྲེམས་ཚོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། བདེ་ཐང་ཞབས་ཞུའི་འཛད་སྤྱོད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་བཏོན་ཡོད། བྱེད་ཐབས་ནང་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར། ལྗང་མདོག་ཐོན་རྫས་གཤམ་སྐྱོད་བྱེད་པ་དང་། གྲོང་གསེབ་ཀྱི་དྲྭ་ཐོག་ཚོང་དོན་དང་མྱུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་ཐོན་རྫས་གྲོང་ཁྱེར་དུ་འཚོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་བཏོན་ཡོད།

བྱེད་ཐབས་ནང་འཛད་སྤྱོད་གསར་པ་རྒྱ་ཆེར་གཏོང་བར། གྲངས་འཛིན་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་ལྗང་མདོག་འཛད་སྤྱོད་ཁྱབ་གདལ་གཏོང་དགོས་ལུགས་བཏོན་ཡོད། བྱེད་ཐབས་ནང་འཛད་སྤྱོད་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར། རིམ་པ་མང་བའི་འཛད་སྤྱོད་ལྟེ་གནས་མགྱོགས་མྱུར་སྐྱེད་སྲིང་དང་། འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་རྒྱུར་ཤུགས་རྒྱག་པ། འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་བཏོན་ཡོད། བྱེད་ཐབས་ནང་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བར། དངུལ་རྩས་འཛད་སྤྱོད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་རྒྱག་པ་དང་འཛད་སྤྱོད་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད།



  • ལེ་ཚན་སྔོན་མ།:《བདེན་འཚོལ》ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།
  • ལེ་ཚན་རྗེས་མ།:སི་ཁྲོན་དང་ཀྲེ་ཅང་གིས་ལག་གདང་སྦྲེལ་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།