སི་ཁྲོན་དང་ཀྲེ་ཅང་གིས་ལག་གདང་སྦྲེལ་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

ཡེ་ཤེས་ཀྱིས་བསྒྱུར།        2023-09-07

ཉེ་ཆར་སི་ཁྲོན་དང་ཀྲེ་ཅང་གི་དེང་རབས་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྔ་བ་ཁུལ་གྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཧུང་ཡོན་རྫོང་དུ་འཚོགས་ཤིང་། ཀྲེ་ཅང་དང་། བོད་ལྗོངས།མཚོ་སྔོན་སོགས་ཞིང་ཆེན་གྱི་འབྲི་གཡག་ཐོན་ལས་ལས་རིགས་ཀྱི་མི་སྣ་དང་ས་གནས་ཁག་གི་ཁེ་ལས་ཀྱི་འཐུས་མི300ལྷག་ཙམ་འཛོམས་ཡོད། ཧུང་ཡོན་རྫོང་ནི་རྔ་བ་ཁུལ་གྱི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་། ས་གནས་ཀྱི་འབྲི་གཡག་རྒྱུད་བཟང་རྨེ་བ་འབྲི་གཡག་གི་ལྟེ་བའི་ཐོན་ཁུལ་ཞིག་རེད། ས་གནས་ས་ཐོག་ཏུ་ལྟ་སྦྱོང་རྟོག་ཞིབ་དང་། རྣམ་གྲངས་འབྲེལ་མཐུད་གན་འཇོག། ཐོན་རྫས་འགྲེམས་སྟོན། རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཆད་ཁྲིད་སོགས་ཀྱི་ལྷུ་ཚིགས་སུ་ཕྱོགས་ཁག་དབར་མཉམ་ལས་གྲོས་མོལ་བྱེད་པའི་གོ་སྐབས་དང་ལས་སྟེགས་རྒྱ་ཆེར་བཏང་བར་མ་ཟད། ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་ཏེར་ལེ་བཟའ་བཏུང་ཚད་ཡོད་སྤྱི་གཉེར་ཁང་གིས་ཀྱང་རྔ་བ་ཁུལ་གྱི་ས་གནས་དེ་གའི་ཁེ་ལས་དང་འབྲི་གཡག་བཟའ་བཅའི་ཐོན་རྫས་དང་། སྔོན་བཟོས་ཚལ་རིགས། སྤྲོ་གསེང་བཟའ་བཅའ་སོགས་ཀྱི་ཐད་མཉམ་ལས་ཀྱི་གན་རྒྱ་བཞག་པ་རེད།

ཚོགས་འདུའི་ཐོག་སི་ཁྲོན་དང་ཀྲེ་ཅང་གིས་མཉམ་འབྲེལ་ཐོག་སྤེལ་བའི“ང་ལ་རྔ་བ་ཁུལ་དུ་འབྲི་གཡག་གཅིག་ཡོད”ཅེས་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཤར་རྒྱུད་གྲོང་ཁྱེར་གྱི་སྤྱོད་མཁན་གྱིས་ཆེད་སྤྱོད་གོ་རིམ་གྱི་སྟེགས་བུ་ཆུང་ངུ་བརྒྱུད་སྤྱི་ཕན་སྤྲིན་རྩིས་འབྲི་གཡག་གསོ་ཚགས་ཀྱི་བྱེད་སྒོར་ཞུགས་ཆོག་པས། རྔ་བ་ཁུལ་གྱི་རྩྭ་ཐང་ཉམས་གསོ་དང་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ། སྤྱི་ཕན་ལ་བརྟེན་ནས་འབྲི་གཡག་གི་ཁྱིམ་གཞིས་སྲུང་སྐྱོང་དང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་ནས་གང་ཐུབ་ཅི་ཐུབ་ཀྱིས་རྩྭ་ཐང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད།2022ལོའི་ལོ་མཇུག་བར། རྔ་བ་ཁུལ་འབྲི་གཡག་ཚད་ལྡན་ཅན་གྱི་གསོ་ཚགས་དཔེ་སྟོན་རྟེན་གཞི6བསྐྲུན་པ་དང་། འབྲི་གཡག་གི་གཞི་ཁྱོན་འོས་འཚམ་གྱི་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ(དུད་ཚང)600ལྷག་ཙམ་བསྐྲུན་པ། རྩྭ་ཐང་གི་རྩྭ་ཁ་མུའུ་ཁྲི2000བཀག་པ། རྩྭ་ཕྱུགས་དོ་སྙོམས་མུའུ་ཁྲི3765ཟིན་ཡོད་པ་རེད།“གོམ་སྟབས་རྗེས་མར་རྔ་བ་ཁུལ་ལྗང་མདོག་འཕེལ་རྒྱས་དང་། ཐོན་ལས་ཁྱུ་ཚོགས། སྤུས་རྟགས་མ་ལག་འཛུགས་སྐྲུན།ཐོན་རྫས་ཀྱི་སྤུས་ཚད་ལྟ་འདོམས་བཅས་ལ་སྐུལ་འདེད་གཏོང་བ་དང་གཉེར་སྐྱོང་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་ཤུགས་བརྒྱབ་ནས། ཁྱད་ལྡན་དང་ལེགས་ལྡན་གྱི་ས་མཐོའི་དེང་རབས་འབྲོག་ལས་ཐོན་ལས་ཀྱི་མ་ལག་ཧུར་ཐག་གཏོད་རྒྱུ་རེད”ཅེས་རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ནཱ་ཡིས་དེ་ལྟར་བཤད་པ་རེད།།



  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱིས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་བའི་ བྱེད་ཐབས་ཁག20བཏོན་པ།
  • ལེ་ཚན་རྗེས་མ།:ཞིང་ལས་གྲོང་གསེབ་པུས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་གཏོད་ཀྱི་ཚན་པ་ཁག་དང་པོ་ཁྱབ་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།