དགེ་རྒན་ལགས།

འཆིང་གྲོལ།        2023-09-08

དགེ་རྒན་ལགས།

ཁྱེད་ལ་ཐུགས་མཁྱེན་ཡངས་པའི་བླ་མ་ཇི་བཞིན་འབུལ་བ་མེད་ཅིང་།

ལས་དབང་ཐང་ཅན་གྱི་དཔོན་པོ་ཇི་བཞིན་ངོ་སོ་མེད་ན་ཡང་།

ཁྱེད་ཀྱིས་སློབ་མ་ང་ཚོར།

ཤེས་རིག་གི་བང་མཛོད་ལས་འབྲས་བཟང་གི་ནོར་བུ་ཕངས་མེད་དུ་བསྩལ་ཡོད།

དགེ་རྒན་ལགས།

ཁྱེད་ཀྱི་འདས་མ་ད་གསུམ་དང་། ཕྱི་ནང་གསང་གསུམ།

ཁྱེད་ཀྱི་སྔོན་རྗེས་བར་གསུམ་དང་། ལུས་ངག་ཡིད་གསུམ་ནི།

ལེ་ལོ་དང་བག་ཡངས་ཀྱིས་ཁྱེར་བའི་སློབ་མ་ང་ཚོའི་ཆེད།

སེམས་ཚེགས་དང་དཀའ་སྡུག་གིས་བཞུད་སོང་།

ལོ་ངོ་གཅིག་དང་གཉིས། གསུམ་གྱི་དུས་ཡུན་ནི།

མིག་རྡེབ་ཡུན་གཅིག་གིས་རྫོགས་སོང་ནའང་།

ཁྱེད་ཀྱི་ཐུགས་ཀ་ལས་སློབ་མ་ང་ཚོའི་ཕུགས་བསམ་བོར་མ་མྱོང་ཞིང་།

ཁྱེད་ཀྱི་སློབ་གསོའི་ཁྲོད་སློབ་མ་ང་ཚོའི་མིང་བྱང་བོར་མྱོང་མེད།

དགེ་རྒན་ལགས།

སློབ་མ་ང་ཚོའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཁྱེད་ལས་འཁྲུངས་ཤིང་།

སྐྱོན་ཆ་སྣ་ཚོགས་ཀྱི་འགག་འཕྲང་ཁྱོད་ཀྱིས་བཅད་དེ།

གཞོན་དུས་ཀྱི་གཤོག་རླབས་རླུང་བུ་ལ་བསྐྱོན་ཏེ་གྱེན་དུ་འདྲེན།

དགེ་རྒན་ལགས་དེ་རིང་ནི་ཁྱེད་ཀྱི་དུས་ཆེན་ཡིན་པས།

ངས་སྙན་ཚིག་ཅིག་གིས་ཁྱེད་ཀྱི་དུས་སྟོན་བསུས་ཡོད།

དགེ་རྒན་ལགས།

ཁྱེད་ཀྱིས་མཚན་མོའི་མུན་ནག་དང་ཆབས་གཅིག་སློབ་མ་ང་ཚོ་བསྐྱངས་ཤིང་།

སྐྱ་རེངས་དང་ལྷན་ཅིག་གྲང་ངར་མྱོང་བའི་དཀའ་ཚེགས་དེ་དག

ཉམ་ང་བའི་སློབ་མ་ང་ཚོའི་སེམས་ཀྱི་བུ་ག་གང་རུང་ལ་ཐོལ་གྱིས་འཁྱུད།

མཚམས་ལན་རེར་ཁྱེད་ཀྱིས་ང་ཚོར་གནང་བའི་དཀའ་སློབ།

ང་ཚོས་ཕངས་མེད་དུ་གཡུགས་ཤིང་།

མཚམས་ལན་རེར་སློབ་མ་ང་ཚོས་ཁྱེད་ཀྱིས་བཞག་པའི་ལས་བྱ་ཤར་མར་བྲིས་ཀྱང་།

བསམ་མེད་ཀྱི་སློབ་མ་ང་ཚོས།

རྣོ་ལྕགས་ལས་གྲུབ་པའི་ཁྱེད་ཀྱི་ཤེས་རབ་ཀྱི་ཡོན་ཏན་ལ།

སྣང་བ་མཐོན་པོ་ཞིག་གིས་ཁུ་ཚུར་གཡུགས་ཤིང་།

སྐད་གསང་མཐོན་པོ་བྱས་ནས་ཨ་ལན་ལབ་པས།

ཁྱེད་ལ་དཀའ་ལས་བཟོས་སོང་།

འོན་ཀྱང་། ད་དུང་ལྷོག་ལྷོག་ཏུ་ལྡིང་བཞིན་པའི་ཁྱེད་ཀྱི་

སྙིང་དམར་པོ་དེའི་ནང་དུ།

སློབ་མ་ང་ཚོ་དམ་དུ་བཅིངས་འདུག།



  • ལེ་ཚན་སྔོན་མ།:དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་དྲན་པ།
  • ལེ་ཚན་རྗེས་མ།:ཡིད་མཁའ་ན་འོད་དུ་འཚེར་བའི་སློབ་དཔོན་ཐོན་མི།