སྟོན་མཚན་ཟླ་བ།

གཞི་ཚང་ཟླ་བ་གྲགས་པ།        2023-09-20

ལས་དབང་ཞེ་གནག་འདུག་ཅེས་ང་ཡིས་སྡིགས།།

རྟེན་འབྱུང་བཀའ་ཆད་བཙན་ཞེས་ཁྱོད་ཀྱང་སྨྲེང་།།

གནམ་བསྐོས་སྲིད་པའི་རྒྱལ་མོ་དབང་བྱེད་མས།།

འུ་གཉིས་བོའུ་རྡེའུ་ཚུལ་གྱིས་རྩེད་ཆས་བྱེད།།

ལམ་ཐག་རིང་ཡང་རིང་སྟེ་ཤི་གསོན་ཙམ།།

རྟ་ཕོའི་འགྲོས་ཀྱིས་ཆོད་པའི་གནས་མ་ཡིན།།

ཧ་ཅང་ཐུང་ཡང་ཐུང་སྟེ་ས་དང་གནམ།།

བལྟས་པའི་མོད་ལ་གཟུགས་དང་གྲིབ་མ་འདྲེས།།

ཨེ་མ་སྟོན་ནམ་རིང་མོའི་ནམ་མཁའ་གཙང་།།

ཁྲ་ཚོམ་རྒྱུ་སྐར་ཚོགས་དག་འོད་ཀྲིག་ཀྲིག།

སྨད་ཕྱོགས་ཐང་གཞོངས་དྭངས་བསིལ་མཚོ་མོའི་ངོགས།།

དོ་ནུབ་ཁྱོད་ཀྱིས་ལང་ཚོ་བྱབས་ཁྲུས་བགྱིད།།

ང་ཡི་གནས་ཚང་རི་བོའི་སྡིངས་ན་ཡོད།།

གཡུང་དྲུང་ལྷུན་པོའི་བྲག་ཐེམ་བར་མ་ན།།

རྒོད་པོ་ནད་པའི་ཚུལ་དུ་གནས་ཤིང་མཆིས།།

ཟུངས་ཟད་གཤོག་རུ་ཤུགས་དྲག་ཡང་ཡང་བརྡབས།།

ལས་ཀྱི་རླུང་ཁམས་གཏོར་བའི་ཐབས་མ་དམིགས།།

གོ་ལ་གཉིས་ཀྱིས་རྒྱང་ཐག་བཀྱེད་གྱུར་ཀྱང་།།

སེམས་ཀྱི་ལག་པས་ཕན་ཚུན་དམ་དུ་འཁྱུད།།

སྣང་བའི་ཁམས་ལ་སྤྲིན་ནག་མ་འཁྲིགས་ན།།

ཁྱོད་ཀྱིས་སྔར་བཞིན་ས་གཞིར་མེ་ཏོག་འདེབས།།

ངས་ཀྱང་ཁྱོད་ལ་བརྩེ་བའི་རི་མོ་འབྲི།།

གནམ་སྟོང་ཉི་མས་ལྔ་ལམ་བརྫངས་རྗེས་སུ།།

གླིང་ཕྲན་ཞིག་ནས་འུ་གཉིས་ལྷན་ཅིག་ཏུ།།

སྐྱེ་འཆིའི་མཛེས་སྡུག་རེ་རེ་སེམས་ཀྱིས་བསྔོགས།།



  • ལེ་ཚན་སྔོན་མ།:སྟོན་མཇུག་གི་སྨྲེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།