ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་བྱ་གཞག་སྐོར་ལ་འདི་འདྲ་གསུངས།

བདེ་ཆེན་གྱིས་བསྒྱུར།        2023-09-19

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། དབང་པོ་སྐྱོན་ཅན་ནི་སྤྱི་ཚོགས་ཁྱིམ་ཚང་ཆེན་མོའི་ཁོངས་མི་འདྲ་མཉམ་ཞིག་དང་། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་། རྒྱ་ཆེ་བའི་དབང་པོ་སྐྱོན་ཅན་ཚོ་བདེ་སྡོད་ལས་བརྩོན་དང་ལྟོ་གོས་ལ་སེམས་ཁྲལ་མེད་པར་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལྡོག་མེད་བླང་བྱ་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཤིང་། འཕེལ་རྒྱས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་ལ་སྐུལ་འདེད་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་ཞབས་ཞུའི་མ་ལག་རྒྱུན་མེད་པར་འཐུས་ཚང་དུ་ཕྱིན་ཡོད་ལ། རྒྱ་ཆེ་བའི་དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ཧུའུ་ནན་ཞང་ཐན་གྲོང་ཁྱེར་ཡུས་ཧུའུ་ཆུས་ཅང་ཧྲེ་གྲོང་རྡལ་དབྱི་ཅན་ཧོ་གྲོང་སྡེར་ཉིན་དགུང་འཆར་ལ་ཉེར་སྐབས། གྲོང་མི་ཀྲོའུ་ཅིན་ཞིང་གིས་ཐབ་ཆུང་འགྲམ་དུ་ཉིན་དགུང་ཟ་མ་གྲ་སྒྲིག་བྱེད་བཞིན་ཡོད། ལོ36གོང་དུ་ཀྲོའུ་ཅིན་ཞིང་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ནས་དབང་པོ་སྐྱོན་ཅན་ཞིག་ཏུ་གྱུར་པས། རྐུབ་སྟེགས་འཁོར་ལོ་ཅན་ལ་བརྟེན་ནས་འགྲོ་སྐྱོད་དགོས་པར་ཐུག། སྡོད་ཁང་ནི་གྲོང་གསེབ་རྙིང་པའི་རང་སྐྲུན་ཁང་པ་ཡིན་པས་ཁྱིམ་གྱི་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན།

     2020ལོའི་ཟླ་བ9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། གེགས་མེད་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་དོན་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཤེས་དཔལ་གྱི་མཚོན་རྟགས་ཤིག་ཡིན་པས། ང་ཚོས་མཐོང་ཆེན་བྱེད་དགོས་ཞེས་བསྟན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་ལྟར་ཧུའུ་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་གེགས་མེད་ཁོར་ཡུག་འཛུགས་སྐྲུན་ལོ་ལྔའི་བྱ་སྤྱོད་འཆར་འགོད་བཟོས་ཡོད། ད་སྔར་ཞིང་ཆེན་ཡོངས་སུ་གྲོང་ཁྱེར4དང་རྫོང1དང་། གྲོང་རྡལ1བཅས་ཀྱིས་རྒྱལ་ཡོངས་ཀྱི་གེགས་མེད་གྲོང་ཁྱེར་དང་རྫོང་། གྲོང་སྡེ། གྲོང་རྡལ་བཅས་བདེ་བླག་ངང་བསྐྲུན་པ་རེད།

    རྒྱལ་ཡོངས་ཀྱི་ས་ཁུལ་མང་པོ་ཞིག་གིས་ཀྱང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གེགས་མེད་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅིང་། སྤྱི་པའི་སྒྲིག་བཀོད་དུ་ལོང་ཡིག་བསྣན་པ་དང་སྤྱི་པའི་འགྲིམ་འགྲུམ་དུ་སྒྲ་གདངས་གཏོང་བ་སོགས་གང་ལེགས་བྱས་ཡོད། ད་ལོའི་སྤྱི་ཟླ9པའི་ཚེས1ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་སྐོར་གྱི་བཅའ་ཁྲིམས》དངོས་སུ་ལག་ལེན་བསྟར་ནས། གེགས་མེད་ཁོར་ཡུག་ཡོད་མེད་ནས་ཡག་མིན་ཕྱོགས་སུ་བསྒྱུར་བར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད།

     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་རེད། དབང་པོ་སྐྱོན་ཅན་ཁྲི125.3དམིག་བསལ་དཀའ་ངལ་ཡོད་པའི་གསོ་ཉར་གྱི་གྲས་སུ་བཞག་པ་དང་། དབང་པོ་སྐྱོན་ཅན་ཁྲི1045.5ལ་མ་མཐའི་འཚོ་བའི་འགན་སྲུང་རག་ཡོད། དབང་པོ་སྐྱོན་ཅན་གྱི་མཐིལ་སྲུང་འགན་ལེན་དྲ་བ་སྔ་ལས་དམ་དུ་ཕྱིན་ཡོད།

     དབང་པོ་སྐྱོན་ཅན་གྱི་བྱིས་པ་ཁྲི114.6ལ་བདེ་སོས་རོགས་སྐྱོབ་ཐོབ་པ་དང་། དབང་པོ་སྐྱོན་ཅན་མི་ཁྲི1218ལ་རམ་འདེགས་ཡོ་བྱད་ཐོབ་པ་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་བདེ་སོས་ཞབས་ཞུ་ཁྱབ་ཚད་བརྒྱ་ཆ85ཡན་ཆད་བརྟན་པོ་བྱུང་ནས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།

     སློབ་གསོ་ནི་དབང་པོ་སྐྱོན་ཅན་གྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། སྡེ་ཚན་མང་པོ་ཞིག་གིས་དམིགས་བསལ་སློབ་གསོ་ཀུན་ཕན་འཕེལ་རྒྱས་ལ་མཉམ་དུ་སྐུལ་བཞིན་ཡོད། འདི་ལོར《དུས་རབས་གསར་པའི་རྨང་གཞིའི་སློབ་གསོའི་སྤུས་འབོར་ལེགས་གཏོང་བྱ་སྤྱོད་འཆར་གཞི》ལག་བསྟར་བྱེད་འགོ་བཙུགས་ཏེ། དམིགས་བསལ་སློབ་གསོའི་སློབ་མའི་གཅེས་སྐྱོང་བྱ་སྤྱོད་ལག་ལེན་བསྟར་བ་ཁ་གསལ་བཏོན་ནས་སྤུས་ལེགས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བརྒྱབ་སྟེ། 2027ལོར་བསླེབ་སྐབས་མི་འབོར་ཁྲི20ཡན་ཆད་ཀྱི་རྫོང་ཚང་མར་དམིགས་བསལ་སློབ་གསོའི་སློབ་གྲྭ་གཞི་རྩའི་ཆ་ནས་ཁྱབ་པ་དང་། མཉམ་འདྲེས་སློབ་གསོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། ལོ་རན་དབང་པོ་སྐྱོན་ཅན་བྱིས་པའི་འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད་བརྒྱ་ཆ97ཡན་ཆད་སྲུང་འཛིན་ཐུབ་དགོས་པ་བཏོན་ཡོད། གནམ་འོག་གཅིག་གི་དབང་པོ་སྐྱོན་ཅན་ཕྲུ་གུ་ཚོ་དེ་བས་མང་པོར་མཉམ་འདྲེས་སློབ་གསོ་ཐེབས་ཤིང་བདེ་ཐང་སློབ་མ་ཚོ་དང་མཉམ་དུ་འཚར་ལོངས་ཡོང་བཞིན་ཡོད། ད་སྔའི་བར་དབང་པོ་སྐྱོན་ཅན་སློབ་མ་ཁྲི9ལྷག་སློབ་ཆེན་དུ་བསྐྱོད་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༤༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།