ཚེ་རིང་གཡང་འཛོམས་ཀྱི་ལང་ཚོའི་གླུ་དབྱངས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-09-18

ཚེ་རིང་གཡང་འཛོམས་ཀྱི་ལང་ཚོའི་གླུ་དབྱངས།
ཚེ་རིང་གཡང་འཛོམས་ཀྱིས་དོ་བདག་ལ་འཚམས་འདྲི་བྱེད་བཞིན་པ།

ལོ་དགུའི་ཡར་སྔོན་དུ། འཆར་ཡན་གྱིས་ཕྱུག་པའི་འཇིག་རྟེན་ནས་ཐོན་པའི་ཚེ་རིང་གཡང་འཛོམས་ཀྱིས་ཁྲིམས་སྐྱོང་བྱ་གཞག་ལ་ཡིད་སྨོན་བཅངས་ནས“མཐོ་གྲོང”ལི་ཐང་ནས་ཐོག་མའི་བསམ་འདུན་སེམས་ལ་ཉར་ནས་ནར་སོན་གྱི་ལམ་བུར་གོམ་ཁ་བསྒྱུར།

ཐོག་མར་ཁྲིམས་ཁང་དུ་སླེབས་སྐབས། ཚེ་རིང་གཡང་འཛོམས་ཀྱིས་ཁྲིམས་ཁང་གི་མདུན་དུ“མི་དམངས”ཞེས་པའི་ཡིག་འབྲུ་གཉིས་ཁ་སྣོན་བྱེད་དགོས་དོན་ཅི་ཡིན་པར་མནོ་བསམ་ཡང་ཡང་བཏང་། ལོ་ངོ་དགུ་བརྒྱུད་ནས་ཚེ་རིང་གཡང་འཛོམས་ཀྱིས་བཅའ་ཁྲིམས་ཀྱི་ཡིག་ཆ་དང་ཁྱབ་གདལ་བྱེད་སྒོ། འདུམ་འགྲིག། འདྲི་གཅོད་བཅས་ཀྱི་ཁྲོད་ནས་ཡང་དག་པའི་དྲིས་ལན་རྙེད་དེ། དེ་ནི་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་གྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཚང་མ་མི་དམངས་ཡིན་པ་དང་། ཁྲིམས་ཁང་ལས་དོན་གྱི་མཐའ་མའི་ཚད་གཞི་ནི་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ཡིན་པས་རེད།

ཉེན་ཞུ་ཁ་པར་འབྱོར་བར་ཞི་དྲག་གཉིས་ཀྱི་སྒོ་ནས་རྩོད་གཞི་བསལ།

“ དོན་དེ་ངེས་པར་དུ་འཕྲལ་མར་ཐག་གཅོད་བྱེད་དགོས། ཐག་གཅོད་མ་ཐུབ་བར་དུ་ཚེ་རིང་གཡང་འཛོམས་ལས་གྲྭའི་པུའུ་ནས་སྡོད། ལས་ཡུན་འགོར་འགྱངས་དང་གནད་དོན་བྱུང་ཚེ་སུས་ཀྱང་འགན་འཁུར་མི་ཐུབ” ཁྲིམས་འཛིན་ཞབས་ཞུ་དེ་བས་གནད་ལ་འཁེལ་བའི་སྒོ་ནས་མཁོ་འདོན་བྱ་ཆེད། ལི་ཐང་རྫོང་ཁྲིམས་ཁང་གིས“ཁྲིམས་ཁང་དང་འབྲེལ་གཏུག་པ་ཟུང་དུ་འབྲེལ་བའི”ལས་ཀའི་ལམ་སྲོལ་ཐོག་མར་བཙུགས་ནས་ཚེ་རིང་གཡང་འཛོམས་དང་ཁྲིམས་དཔོན་གཞན་གཉིས་ཀྱིས་རྩོད་གཞིའི་ཆེད་ལས་འདྲི་གཅོད་ཚོགས་པ་བཙུགས་པ་རེད། སྤྱི་ཟླ6པའི་ཚེས27ཉིན། ལི་ཐང་རྫོང་ཧོ་སྙི་ཡུལ་ཤོག་མངགས་གཏོང་ཁང་གིས་རྫོང་བཀོད་འདོམས་ལྟེ་གནས་ཀྱིས་མངགས་གཏོང་དང་ལེན་བྱས་ནས། མངའ་ཁོངས་ནང་གི་བཟོ་སྐྲུན་སྡེ་ཁག་ག་གེ་མོས་ཉེན་རྟོག་པར་ཉེན་བརྡ་བཏང་ནས་མི་མངགས་ནས་བརྟག་དཔྱད་བྱེད་དགོས་པའི་རེ་བ་བཏོན། མངགས་གཏོང་ཁང་གི་ཁ་པར་འབྱོར་རྗེས་ལས་དོན་རུ་ཁག་འཕྲལ་མར་དོན་རྐྱེན་འབྱུང་སར་བསྐྱོད།

དོན་རྐྱེན་འབྱུང་སར་ཐོན་རྗེས། དོ་བདག་ལའོ་ཅིན་ཁོང་ཁྲོ་ཆེན་པོ་སྐྱེས་ནས་ཕྱོགས་གཉིས་པོ་འཐབ་འཛིང་གི་ཉེན་དུ་ལྷུང་ལ་ཉེ། ཚེ་རིང་གཡང་འཛོམས་དང་ལས་གྲོགས་གཉིས་ཀྱིས་ལའོ་ཅིན་གྱི་བཤད་པའི་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བཤད་ལ་ཉན་རྗེས་རིམ་བཞིན་ཤེས་རྟོགས་བྱུང་།

སྤྱི་ཟླ6པའི་ཚེས27ཉིན། ལའོ་ཅིན་གྱིས་བྱ་བའི་དགོས་མཁོའི་དབང་གིས། སྤྱི་གཉེར་ཁང་དུ་བཞག་ཡོད་པའི་རླངས་འཁོར་དང་སྒྲིག་ཆས་སོགས་ཕྱིར་ལེན་སྐབས་སྤྱི་གཉེར་ཁང་གིས་བཀག་འགོག་དང་བཀག་ཉར་བྱས་པར་མ་ཟད། ལས་བཟོ་བར་རྨས་སྐྱོན་བཏང་བས་ལའོ་ཅིན་གྱིས་དོན་དེར་ཉེན་བརྡ་བཏང་བ་རེད། ཉེན་རྟོག་ཕྱོགས་ཡུལ་དངོས་སུ་འབྱོར་རྗེས་སྤྱི་གཉེར་ཁང་གིས་ལས་གྲྭར་བུ་ལོན་དགོས་པ་རྒྱུ་མཚན་དུ་བྱས་ནས་ལའོ་ཅིན་གྱི་རླངས་འཁོར་དང་ལས་གྲྭའི་སྒྲིག་ཆས་ཁྱེར་བར་བཀག་འགོག་བྱས་པར་མ་ཟད། ཕྱོགས་གཉིས་པོའི་དོ་བདག་གིས་དཔའ་ངར་ཁོག་པར་མི་ཤོང་བར་ལས་འགོག་དང་མི་ལུས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་འགལ་བ་དང་མི་མངོན་པའི་རྐྱེན་ངན་ཡང་རིམ་བཞིན་ཕྱིར་མངོན།

དམངས་དོན་འདྲི་གཅོད་བྱེད་པར་གང་ཞིག་ཡང་དག་པ་དང་གང་ཞིག་ནོར་འཁྲུལ། ཡང་ན་ནག་པོ་དང་དཀར་པོ་སོགས་རྐྱང་པ་མ་ཡིན་པར་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་གཞག་དང་། དྲང་བདེན་མྱོང་ཚོར་བྱེད་དུ་འཇུག་པ་ནི་ཁྲིམས་དཔོན་རེ་རེའི་རེ་སྙེག་བྱེད་བཞིན་པའི་གནད་དོན་རེད། གྱོད་གཞི་དེ་ནི་ལས་གྲྭ་ཆེ་གྲས་ཤིག་འཛུགས་སྐྲུན་བྱ་རྒྱུ་དང་འབྲེལ་བ་ཡོད་ཅིང་། ལས་གྲྭའི་ས་གནས་མང་བ་དང་ལམ་ཐག་རིང་བ། མ་དངུལ་འཇོག་གྲངས་མང་བ་བཅས་ཡིན་པར་མ་ཟད། ཨར་ལས་ཀྱི་འབྲེལ་བ་རྙོག་འཛིང་ཆེ་བ་དང་བཅའ་ཁྲིམས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དང་འགྲོགས་ནས་ཐོན་པ་ཞིག་རེད། ཁྱབ་རྒྱ་ཆེ་བ་དང་རྙོག་འཛིང་ཆེ་བའི་གྱོད་དོན་བར་འདུམ་བྱེད་པར་ཐོག་མར་དོ་བདག་གི་སེམས་ཀྱི་མདུད་པ་འགྲོལ་དགོས། གལ་ཏེ་ཁྲིམས་ཐག་གཅོད་པ་ཙམ་ལས་རྩ་བ་ནས་དོ་བདག་ལ་བསམ་བློའི་ལས་ཀ་མ་བསྒྲུབ་ན་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱེད་མ་ཐུབ་པར། དེ་ལས་ལྡོག་སྟེ་ཁྲིམས་ཐག་གཅོད་དཀའ་བའི་གནས་སུ་གྱར་ངེས་རེད།

གྱོད་གཞི་དེ་དུས་ཐོག་ཏུ་ཐག་གཅོད་བྱ་ཆེད། ལས་དོན་རུ་ཁག་ཨར་ལས་བྱ་ཡུལ་དུ་ཐེངས་མང་བསྐྱོད་དེ་ས་གནས་དེ་གའི་མངགས་གཏོང་ཁང་དང་རྣམ་གྲངས་པུའུ་སོགས་དང་མཉམ་འབྲེལ་ཐོག་འདུམ་འགྲིག་བྱས་པ་རེད། དང་ཐོག་དོ་བདག་ཕྱོགས་གཉིས་ཀྱིས་ཕན་ཚུན་ཁ་གཏད་ཏུ་ལངས་ནས་སུས་ཀྱང་ཕྱིར་མ་ནུར་བ་རེད། བཅར་འདྲི་དང་བརྟག་དཔྱད་ཐེངས་མང་བྱས་རྗེས། ཚེ་རིང་གཡང་འཛོམས་དང་ལས་རོགས་ཚོས་ཕྱོགས་གཉིས་པོའི་འགལ་ཟླའི་འགག་གནད་རིམ་གྱིས་ཤེས་ནས་འབྲེལ་མཐུད་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་ལ་འགྱུར་ལྡོག་བཏང་། ཕྱོགས་གཅིག་ནས་དོ་བདག་ཕྱོགས་གཉིས་པོའི་བསམ་ཚུལ་ཉན་པ་དང་ཕྱོགས་གཞན་ནས་སོ་སོར་གནས་ལུགས་བཤད་པ་དང་སེམས་གསོ་བྱེད་པ། ཁྲིམས་ལུགས་དང་གནས་ལུགས་བཅས་ལ་གཞིགས་ནས་ངང་རྒྱུད་རིང་པོས་འདུམ་འགྲིག་ཞིབ་ཚགས་བྱས་པ་རེད། མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།། ཅེས་པ་ལྟར་ངང་རྒྱུད་རིང་པོས་འབྲེལ་གཏུག་ཐེངས་མང་བྱས་མཐར། ཕྱོགས་གཉིས་པོའི་རྣམ་འགྱུར་རིམ་བཞིན་ཞི་ལྷོད་དུ་སོང་ནས་མཐར་བསམ་བློ་གཅིག་མཐུན་བྱུང་ནས་གྱོད་གཞི་དེ་བདེ་བླག་ངང་ཐག་བཅད།

ཚེ་རིང་གཡང་འཛོམས་ཀྱི་ལང་ཚོའི་གླུ་དབྱངས།

ཚེ་རིང་གཡང་འཛོམས་ཀྱིས་བྱིས་པ་ཚོ་དང་ཁ་བརྡ་བྱེད་བཞིན་པ།

ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་བྱས་པས་ཁྲིམས་འཛིན་སྲུང་རགས་བསྐྲུན།

ལྕགས་ལྟར་མཁྲེགས་པའི་ཁྲིམས་དཔོན་དང་རྒྱུན་ཆད་མེད་པའི་གྱོད་གཞི་དང་དོ་བདག། ད་དུང་དེབ་ཚགས་རེ་རེ་བཅས་ཀྱི་རྒྱབ་རོལ་དུ་དགའ་སྐྱོ་དང་འདུ་འབྲལ་ཀྱིས་ཁེངས། བཅའ་ཁྲིམས་ཀྱི“འགག་རྩ”གྲོལ་སླ་ཡང་དོ་བདག་གི“སེམས་མདུད”འགྲོལ་དཀའ་བས། མཐར་གཏུག་ས་ནི་ཁྲིམས་ཐག་གཅོད་རྒྱུ་མ་ཡིན་པར་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།

ཚེ་རིང་གཡང་འཛོམས་ཀྱིས་ནམ་རྒྱུན་ཁྲིམས་དཔོན་ཙའུ་པི་ཧྭ་ལགས་ཀྱིས་བཤད་པའི་བྱམས་སེམས་ཡོད་པའི་སྤྱི་ཚོགས་ཤིག་ཡོད་དགོས་ཅེས་པའི་གནས་ལུགས་དེ་སེམས་སུ་དྲན་པ་རེད། གནས་ལུགས་དེ་རྒྱུན་འཁྱོངས་བྱ་ཆེད། མོས་ནམ་རྒྱུན་རང་ཉིད་ལ་གྱོད་གཞི་ཐག་གཅོད་བྱེད་པ་ནི་ཁྲིམས་འཛིན་ཐོན་རྫས་འབོར་ཆེན་ཐོན་སྐྱེད་བྱེད་པ་ཞིག་མིན་པར།དེ་ནི་ཁྲིམས་ཀྱི་དབྱུག་འོག་ཏུ་

མི་ཚང་མར་མི་ལུས་རང་དབང་དང་། རྒྱུ་ནོར་གྱི་དབང་ཆ། ཐ་ན་ཚེ་སྲོག་བརྩོན་ལེན་བཅས་བྱེད་པ་ཞིག་ཡིན་པ་དང་། བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་འདུ་ཤེས་མེད་ཀྱང་ཁྲིམས་འཛིན་ལུགས་མཐུན་དང་ཁྲིམས་དཔོན་ལ་བྱམས་སེམས་ཡོད་དགོས་པ་སོགས་ཀྱི་གནས་ལུགས་འདི་དག་རང་གིས་རང་ལ་དྲན་སྐུལ་གནང་བ་རེད།

ཁྲིམས་དཔོན་གྱི་བྱམས་སེམས་ནི་གནས་ལུགས་དང་མཐུན་པ་ནས་བྱུང་བ་ཡིན་ཞིང་། དེ་ནི་རང་ཉིད་ཀྱི་བློ་ངོར་ཡོད་པའི་ཁྲིམས་ལུགས་ཤེས་བྱ་དེ་སུན་སྣང་མེད་པར་མང་ཚོགས་དཀྱུས་མའི་མི་ཤེས་པའི་ཤེས་བྱའི་རྨོངས་ཁུལ་དུ་བེད་སྤྱོད་བྱེད་པ་དེ་རེད། དེའི་ཆེད་དུ་ཚེ་རིང་གཡང་འཛོམས་ཀྱིས་ཉེས་དོན་འདྲི་གཅོད་ཚོགས་པའི་སྣེ་ཁྲིད་དེ་གཉེན་འབྲེལ་ཁྱིམ་ཚང་དང་ནགས་གཅོད་ཤིང་རྐུ་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་སྐོར་ལ་འདྲི་ཞིབ་དང་། གྱོད་གཞིར་གཞིགས་ནས་གསལ་བཤད་བྱེད་པ་སོགས་བྱེད་ཐབས་སྤྱད་པས་ཉེན་བརྡ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་ནུས་པ་ཡག་པོ་ཐོན་པར་མ་ཟད། དོ་བདག་དང་དེ་བཞིན་ཁོངས་གཏོགས་ཁུལ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན།

གཞན་ཚེ་རིང་གཡང་འཛོམས་ཀྱིས་ད་དུང“དྲང་བདེན་གངས་ལྷ་མེ་ཏོག”གི་བུད་མེད་འདྲི་གཅོད་ཚོགས་པའི་ནང་ཞུགས་ནས་ཁོངས་གཏོགས་ཁུལ་གྱི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཧུར་ཐག་བྱས་པ་དང་། “ཁྲིམས་ཁང་གི་གཅེས་སེམས་ཨ་མའི”སྤྱི་ཕན་བྱེད་སྒོར་ཧུར་ཐག་ཞུགས་ནས་དུས་ཐོག་ཏུ་ཆ་སྒྲིག་དབུལ་སྒྲོལ་དུད་ཚང་གི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་བ་རེད།

གཅེས་སེམས་ཡོད་པའི་ཁྲིམས་ཁང་པ་ཞིག་ཡིན་པའི་ཆ་ནས། ཚེ་རིང་གཡང་འཛོམས་དང་ལས་རོགས་ཚོས་སེམས་ཁྲལ་ཆེ་ཤོས་དང་རེ་བ་ཆེ་ཤོས་ནི་དོ་བདག་བར་གྱི་འགལ་བ་བསལ་ནས་འཆམ་མཐུན་ཡོང་བ་བྱ་རྒྱུ་དེ་རེད། ཁྲིམས་དཔོན་གྱི་ལམ་བུའི་སྟེང་དུ་ཁེར་རྐྱང་དང་དབུལ་པོ་ཡིན་མོད། འོན་ཀྱང་ཁྲིམས་སྐྱོང་གི་རི་བོ་མཐོན་པོའི་ཡང་རྩེར་བསྙེགས་པར་ཚེ་རིང་གཡང་འཛོམས་ཀྱི་སྤོབས་པ་གཏན་ནས་ཉམས་མ་མྱོང་། ཐེངས་རེ་རེའི་འདུམ་འགྲིག་ལེགས་འགྲུབ་བྱུང་སྐབས་དེ་སྔོན་གྱི་ཁོང་ཁྲོས་ཁེངས་པའི་དོ་བདག་གིས་འདོད་བློ་ཚིམས་པའི་སྒོ་ནས་གྱོད་དངུལ་སྤྲོད་པ་དང་། དེ་སྔོན་ཁ་འཛིང་ལག་འཐབ་བྱེད་པའི་དོ་བདག་གིས་ཀྱང་འཛུམ་དམུལ་ངང་ཕན་ཚུན་ལག་འཇུ་བྱེད་པ། དེ་སྔོན་ཅི་བྱ་གཏོལ་མེད་དུ་གྱུར་པའི་དོ་བདག་གིས་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་མཐོང་ཐུབ་པ་རེད།

ཚེ་རིང་གཡང་འཛོམས་ཀྱིས་རང་ཉིད་དགའ་ཞེན་དང་དུང་བ་ཡོད་པའི་ལམ་བུ་འདིའི་ཁྲོད་ནས་ཚེ་སྲོག་གི་སྙིང་པོ་དང་མི་ཚེའི་རིན་ཐང་མངོན་དུ་འགྱུར་བར་འདོད། ཡང་གཅིག་བཤད་ན་འདི་ནི་ཁྲིམས་ཁང་པ་ཞིག་གི་ཁྲིམས་འཛིན་གྱི་ཐོག་མའི་བསམ་འདུན་དང་ཁྲིམས་ཁང་པ་ཞིག་གི་ཁྲིམས་སྐྱོང་གི་བྱམས་སེམས་ཤིག་ཡིན་པར་ངེས་སོ།།



  • ལེ་ཚན་སྔོན་མ།:ཕུགས་འདུན་མངོན་འགྱུར་དགོས་ན།། དུས་ཚོད་འཕྲོ་བརླག་མ་གཏོང་།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།