༄༅།།ནང་སེམས་མཐོང་བའི་ཁྱེད་ནི།། སུ་དང་གང་ལས་མཛེས་པ།།

ཡེ་ཤེས་ཀྱིས་བྲིས།        2022-11-18

མིག་དབང་ཉམས་པའི་གླུ་པ་བློ་བཟང་ཚེ་རིང་གི་གནས་ཚུལ་རགས་བཀོད།

༄༅།།ནང་སེམས་མཐོང་བའི་ཁྱེད་ནི།། སུ་དང་གང་ལས་མཛེས་པ།།

ལྷན་སྐྱེས་ཀྱི་མིག་དབང་ཉམས་པའི་བྱིས་པ་ཞིག་མི་ཡུལ་དུ་སླེབས།

དེང་སང་དྲྭ་ཐོག་དང་བྱེད་སྒོ་ཆེ་གྲས་གང་མང་ནས་སྐད་གྲགས་རིམ་གྱིས་ཁྱབ་བཞིན་པའི་འབའ་ཕྲུག་གླུ་པ་བློ་བཟང་ཚེ་རིང་ཞེས་འབོད་བཞིན་པ་ཁོ་ནི། སྤྱི་ལོ2001ལོར་ཁམས་ཀྱི་འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་གྱི་ཞིང་སྡེའི་ཁྱིམ་ཚང་ཞིག་ནས་མི་ཡུལ་དུ་སླེབས་པ་ཞིག་ཡིན། ལས་བསམ་སར་མ་སོང་གསེག་སོང་ཞེས་པ་ལྟར། སྟབས་མ་ལེགས་པ་ཞིག་ལ། ཁོའི་མིག་དབང་ལ་ལྷན་སྐྱེས་ཀྱི་སྐྱོན་ཕོག་ཡོད་པས་ཕྱི་རོལ་འཇིག་རྟེན་གྱི་གཟུགས་བརྙན་ལྟད་མོ་ལ་ལོངས་སུ་སྤྱད་རྒྱུའི་སྐལ་བ་ཡོངས་སུ་ཆད། ཡིན་ནའང་ཁོ་ལ་ལྷན་སྐྱེས་ཀྱི་ཤེས་རབ་གསལ་ཞིང་བློ་རིག་སྤྱང་གྲུང་འཛོམས་ཡོད་པའི་བྱིས་པ་ཞིག་ཡིན་པ་དང་། དྲིན་ཆེན་ཕ་མ་གཉིས་དང་ཡུལ་སྡེ་བའི་ན་མཉམ་ཚོས་སྙིང་རྗེ་དང་བརྩེ་བས་ཀུན་བསྐྱངས་ཏེ་ནར་སོན་ཞིང་། ཆུང་ནས་བྱིས་པ་ཡ་རབས་ཤིག་གི་ཚད་དུ་འཇོག་རྒྱུ་ཞིག་ཡིན་ལ། ན་མཉམ་ཚོ་དང་ཀུན་ནས་མཐུན་པོ་ཡོད་པས་རྫོང་རྩ་གྲོང་རྡལ་གྱི་མི་སེར་ཚང་མའི་སེམས་ཁོང་གི་ཆེས་གཅེས་སུ་འོས་པའི་གཅེས་ཕྲུག་ལོ་ལོ་ལ་གྱུར་པ་རེད།

དམིགས་བསལ་གྱི་སློབ་གྲྭའི་གླིང་ནས་དཔེ་བཟང་གི་མཚན་སྙན་དེ་ཐོབ།

དེ་ལྟར་འབའ་ཕྲུག་བློ་བཟང་ཚེ་རིང་དྲིན་ཕ་མའི་གཉོར་སྐྱོང་དང་ཆུང་གྲོགས་པོས་རོགས་རམ་བྱས་འོག་ནས་ནར་སོན་ཞིང་དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་འཁུར་རྒྱུའི་དུས་ལ་སླེབས། ལས་ངན་ནང་གི་ལས་ཅན་ཞིག་ཏུ་གྱུར་ནས། སྤྱི་ལོ2011ལོར་དཀར་མཛེས་ཁུལ་དམིགས་བསལ་སློབ་གྲྭའི་སྒོ་ཐེམ་སྙེག་ནས་ཤེས་རིག་གི་ནུ་ཞོ་མངར་མོར་རོལ་རྒྱུའི་སྐལ་བཟང་ཉི་བྱེད་ཀྱི་དྲོལ་ཁོལ་བཟང་པོ་ཀུན་ནས་འཛོམས་པ་བྱུང་། སློབ་གྲྭ་དེ་ག་ནས་སློབ་ཆུང་དང་སློབ་འབྲིང་བར་ཁོས་སློབ་གྲྭ་སྦྱངས་བྱའི་སློབ་ཚན་ཁག་ལ་བརྩོན་པ་དྲག་པོ་བྱས་པ་དང་། འཕུར་མཉེད་ལག་རྩལ་ལའང་འབད་པ་ལྷོད་མེད་བྱས་ནས་སྦྱངས་འབྲས་བཟང་པོ་ཐོབ་ཡོད། དེས་མ་ཚད། སློབ་གྲྭར་ཞུགས་རིང་ཁོས་དབྱར་གནང་དང་དགུན་གནང་སོགས་ཀྱི་ཁོམ་པའི་གོ་སྐབས་བེད་སྤྱད་དེ། གླུ་ལེན་རྒྱུ་དང་གློག་རྡུལ་རོལ་དབྱངས་སོགས་ལ་སློབ་སྦྱོང་བྱས་ཏེ་གླུ་གར་སྒྱུ་རྩལ་དང་གློག་རྡུལ་རིག་གནས་སོགས་ལ་བག་ཆགས་བཟང་པོ་ཆགས་པ་དང་། ཁོ་རང་ལ་ཡོད་པའི་ལྷན་སྐྱེས་ཀྱི་སྐད་གསང་སྙན་མོར་དེང་རབས་རོལ་མོས་རམ་འདེགས་བྱས་མཐར།གླུ་དབྱངས་ཀྱི་མཆོད་པ་གང་མང་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་བྱེད་སྒོ་ཆེ་གྲས་གང་མང་ནས་ཉན་མཁན་ཁྲི་སྟོང་མང་པོའི་སྙན་དབང་གསོ་བའི་དཔལ་དུ་ཕུལ་ཐུབ་པ་བྱུང་།

སྤྱི་ལོ2014ལོར་ན་ཆུང་གི་འབའ་ཕྲུག་འདི་ལ་སི་ཁྲོན་ཞིང་ཆེན་གྱི་ལོ་ཆུང་སྤྱོད་བཟང་གི་གཟི་བརྗིད་མཚན་སྙན་ཐོབ། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ཆུང་སྤྱོད་བཟང་ཞེས་པ་ནི་ཀུན་སྤྱོད་བཟང་བས་དང་ཀུན་གྱི་མིག་དཔེ་དང་སློབ་སྦྱོང་བྱེད་རིན་ཡོད་པའི་ལོ་ཆུང་ཞིག་ཡིན་དགོས་པ་དང་། ཕ་མར་དྲིན་ལན་དང་སློབ་དཔོན་ལ་བརྩི་བཀུར་ཡོད་པ། ཉམ་ཆུང་ལ་དགའ་ཞེན། སློབ་སྦྱོང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན་ཡོད་པ། ས་གནས་དེ་གའི་རྒྱ་ཆེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་སློབ་སྦྱོང་ཡག་པོ་བྱེད་པའི་དཔེ་བཟང་པོ་ཡིན་དགོས་པ་བཅས་ཀྱི་བླང་བྱ་མང་པོ་བསྡུས་ན་གཞི་ནས་མཚན་སྙན་འདི་ཐོབ་ཐུབ་ཅིང་། ཁོ་ལ་ངོ་མ་ཆ་རྐྱེན་འདི་དག་ཡོངས་སུ་འཛོམས་པ་རེད།

༄༅།།ནང་སེམས་མཐོང་བའི་ཁྱེད་ནི།། སུ་དང་གང་ལས་མཛེས་པ།།

ཕུགས་འདུན་གྱི་རེ་སྙེག་ལྡན་པའི་ན་གཞོན་ཞིག་སློབ་གྲྭ་ནས་ཐོན།

ཕུགས་ཀྱི་འདུན་མ་རེ་བའི་འོད་མདངས་ཀུན་ནས་ལྡན་པའི་མིག་དབང་ཡོངས་སུ་ཉམས་པའི་ན་གཞོན་འདི་སློབ་གྲྭ་ཁག་ནས་སློབ་ཐོན་བྱུང་རྗེས་ཁེར་རྐྱང་ངང་ཡུན་ནན་དང་ཀུའེ་ཀྲོའུ། ཁྲུང་ཆིང་། ཧྲེན་ཀྲེན་སོགས་ལ་རང་ཉིད་ཀྱི་གླུ་དབྱངས་ཀྱི་ཕུགས་འདུན་བཟང་པོ་འཚོལ་སྙེག་གི་ལམ་ལ་ཆས། སྤྱི་ཚོགས་སྟེང་གི་གཅེས་སེམས་ལྡན་པའི་མི་སྣ་མང་པོས་ཁོ་ལ་རོགས་རམ་རྒྱ་ཆེན་གནང་བ་དང་། དེ་མིན་ཁོ་རང་གི་ཞོར་ལས་ཡོང་སྒོ་ཡིས་རོལ་ཆ་མང་པོ་ཉོས་ནས་དུས་དང་རྣམ་པ་ཀུན་ཏུ་གླུ་ལེན་རྒྱུ་དང་རོལ་དབྱངས་དཀྲོལ་རྒྱུ་ལ་འབད་བརྩོན་བྱས། ད་ལྟ་ཁོས་མི་རིགས་ཀྱི་གླུ་གཞས་དང་དར་ཁྱབ་ཆེ་བའི་སྐད་རིགས་སྣ་ཚོགས་ཀྱི་གླུ་གང་ལེན་དགོས་ཀྱང་འཇོན་ནུས་བྱང་ཆའི་ཆ་རྐྱེན་འཛོམས་པ་དང་། གློག་རྡུལ་རོལ་དབྱངས་སྒྲིག་རྩོམ་དང་། རོལ་ཆ་པི་ཝང་། སྒྲ་སྙན་སོགས་རོལ་ཆས་མང་པོ་དཀྲོལ་ཤེས་པའང་སྦྱངས་སྟོབས་ཀྱི་ལག་རྩལ་ཡང་ཧ་ཅང་བཟང་པོ་ཐོན། ཉེ་ཆར་ཁོའི་འཁྱུག་དབྱིངས་ཐོག་འབའ་གཞས་ཤིག་དཀྲོལ་ནས་བཏང་ཡོད་པས་འབའ་ཐང་རྫོང་གི་རོལ་དབྱངས་པ་རྒན་གྲས་གང་མང་གིས་དོ་སྣང་དང་སྐུལ་ལྕག་ཚད་མེད་ཐོབ་པས་མ་ཚད། འབའ་གཞས་སྙན་མོ་འདི་ལ་ཁོའི་སྐད་གསང་གི་གཤོག་པ་ཐོགས་ནས་རྒྱལ་སྤྱི་འཛིན་པའི་སྒང་ནས་ལྷང་ལྷང་དུ་གྲགས་པས་ཉན་མཁན་ཁྲི་སྟོང་མང་པོར་སྙན་དབང་གི་གསོས་སུ་སྨིན་ནས་དྲྭ་སྟེང་ནས་འབའ་གཞས་དང་འབའ་ཕྲུག་ཅེས་སྐད་གྲགས་ཆེས་ཆེར་ཁྱབ།

༄༅།།ནང་སེམས་མཐོང་བའི་ཁྱེད་ནི།། སུ་དང་གང་ལས་མཛེས་པ།།

འཕྲིན་སྦྱོར་གྱི་རྩལ་ལ་བྱང་བའི་ཕོ་སར་ཞིག་དྲྭ་གྲགས་སུ་གྱུར།

ཁོས་ངོ་སྤྲོད་བྱས་པར་གཞིགས་ན། ཁོའི་ཁ་པར་དང་གློག་ཀླད་ལ་བརྙན་ཡོལ་ཀློག་འདོན་མཉེན་ཆས་རིགས་ཤིག་སྒྲིག་སྦྱོར་བྱས་ཡོད་པས། དེས་བརྙན་ཡོལ་ཐོག་གི་ཡི་གེ་དང་པར་རིས་བཅས་ཀྱི་ཆ་འཕྲིན་བསྡུས་ནས་ངག་སྐད་དུ་བསྒྱུར་ཏེ་ཁོའི་རྣ་ལམ་དུ་འདྲེན། མིག་ལམ་སྒྲིབ་པའི་མི་ཚོས་ཀློག་ཀླད་བེད་སྤྱོད་བྱེད་དུས་འཐེལ་གཞུང་གི་བེད་སྤྱོད་བྱེད་པ་མ་གཏོགས་ཙིག་གུ་བེད་སྤྱོད་བྱེད་ཐབས་མེད་པ་རེད། ཚན་རིག་པའི་བཀའ་དྲིན་གྱིས་ཁོ་དང་ཁོ་འདྲ་བའི་མཐོང་ལམ་སྒྲིབ་པའི་ཉམས་ཞན་མང་པོར་དེང་རབས་ཀྱི་ཚན་རྩལ་གློག་ཀླད་དང་ཁ་པར་བེད་སྤྱོད་ཐུབ་ཡོད་པས། ཁོས་དེང་རབས་ཀྱི་ཚན་རིག་པས་བརྙན་ཡོལ་ཀློག་འདོན་མཉེན་ཆས་གསར་སྤེལ་བྱས་པར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁོས་སྨྱུག་འཛིན་པར། ཁོ་ཆུང་དུས་ནས་མིག་དབང་ལ་ལྷན་སྐྱེས་ཀྱི་སྐྱོན་ཕོག་ཡོད་པས་འཇིག་རྟེན་འདི་ཅི་འདྲ་ཡིན་པ་མཐོང་མ་མྱོང་ནའང། མི་ལ་དམིགས་ཡུལ་ཡོད་གྱུར་ན་མི་ཚེ་ད་གཟོད་རིན་ཐང་ལྡན། མདུན་ལམ་ཇེ་བཟང་ཇེ་ལེགས་རེད། ང་ལ་ཤུགས་རྐྱེན་ཐེབས་པའི་དགེ་རྒན་ཧ་ཅང་མང་པོ་ཡོད་དེ། དེའི་ནང་ཆེས་ཤུགས་རྐྱེན་ཐེབས་ཆེ་ཤོས་ནི་དགེ་རྒན་ཏྭ་ཀྲང་ཝེ་ཡིན་ཞིང་། ཁོང་གི་གླུ་ཡོད་ཚད་ནི་སྐྱོ་སྣང་མེད་པ་སྤྲོ་སྣང་ལྡན་ལ། ནམ་རྒྱུན་ངའི་སེམས་ལ་སྐྱོ་སྣང་སྐྱེས་དུས་ཁོང་གི་གླུ་ལ་ཉན་མ་ཐག་སེམས་ལ་སྤྲོ་སྣང་སྟེར་སྲིད། དགེ་རྒན་ཁོང་གི་གླུ་ལ་ཉན་ཞིང་ང་ཡང་གླུ་གར་སྒྱུ་རྩལ་ལ་དགའ་ཞེན་ཆེས་ཆེར་འཕེལ་ནས་ལམ་བུ་འདིར་ཞུགས་པ་ཡིན་ཞེས་བཤད།

མི་ལ་བརྩོན་འགྲུས་ཡོད་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་ཁོས་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་གྱི་བསྐྱངས་དང་སྐྱོང་བཞིན་ཡོད་པས། ད་ལྟ་རོལ་དབྱངས་ཕྱོགས་ལ་སྦྱངས་སྟོབས་ཀྱི་དཔལ་འབར་ཞིང་གྲུབ་འབྲས་ཀྱི་ཉི་འོད་ཀུན་ནས་གསལ་ཡོད་པས། དྲྭ་ཐོག་ནས་སྐད་གྲགས་ཤིན་ཏུ་ཆེ་བའི་དྲྭ་གྲགས་ཤིག་ཏུ་ཆགས་ཡོད། ཁོའི་མིག་གིས་ཕྱི་འཇིག་རྟེན་གྱི་ངོ་མཚར་ཆེ་བ་ལྟད་མོ་རིག་རྒྱུ་བྲལ་ནའང། ནང་སེམས་ཀྱི་མཛེས་སྡུག་ཡོངས་སུ་མཐོང་བཞིན་ཡོད་པས། ནང་སེམས་མཐོང་བའི་ཁྱེད་ནི་སུ་དང་གང་ལས་མཛེས་པ་རེད།།




  • ལེ་ཚན་སྔོན་མ།:སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།