མཚོ་སྔོན་པོ།

བྲན།        2022-11-18

རབ་མཛེས་དྭངས་གསལ་བཻཌཱུར་ཞུན་མ་ནི།།

ལེགས་འཁྱིལ་ཁྲི་ཤོར་མཚོ་མོས་མཁའ་ལ་འགྲན།།

གཏིང་ཟབ་རྒྱ་ཆེ་རླབས་ཀྱི་ཟེགས་མ་རེའི།།

མཛེས་པ་དེ་ཀོ་ཕྱོགས་ལས་རྣམ་པར་རྒྱལ།།

མཚོ་སྙིང་རི་ན་གནས་པའི་ཉམས་ལེན་མཁན།།

བསམ་གཏན་སྒོམ་པའི་དྲང་སྲོང་ཁོ་ནར་སྡང་།།

དེ་གའི་ཕུན་ཚོགས་རྣམ་དཔྱོད་བྱེད་པོ་མས།།

ཀླུ་རྒྱལ་གཙུག་གི་རྒྱལ་བོའི་དཔལ་ལ་འཁུ།།

བསྐལ་བ་སྟོང་གི་སྔོན་གྱི་བྱས་བསགས་མཐའ།།

གྲུབ་པའི་མཐའ་དེ་བཟློག་ལ་མི་མཐུན་སྒྲོག།

དེ་ལྟར་མཐིང་མཐིང་ནེའུ་གསིང་སྤང་གི་གཞིར།།

གཡེར་མོའི་མེ་ཏོག་བཞད་པས་དྲི་ཟར་འཐབ།།

དྲི་ངད་ཕྱོགས་སུ་ལྡིང་བས་རྒྱང་རིང་མགྲོན།།

མ་བོས་འཛོམས་པས་སྐར་མའི་གྲངས་ལ་འཕྱ།།

མི་ཚོགས་རླབས་ཀྱི་ཕྲེང་བས་མཚོ་མོའི་མཐར།།

བསྐོར་འདིས་འོག་མིན་ཞིང་ལ་སྨྲ་འབེབས་བྱེད།།

ངག་རིགས་མི་གཅིག་དོན་མཐུན་སྟོང་གི་ཡིད།།

ཡོངས་སུ་འགུག་ཅིང་ཀླུ་དབང་མཛོད་ལ་སྨོད།།

མཐའ་བསྐོར་འབྲོག་སྡེ་འཛུམ་པའི་མུ་ཏིག་གིས།།

རྒྱུ་སྐར་དབྱིངས་ན་འཛུམ་ལ་ཅོ་འདྲི་ངེས།།

འདི་འདྲའི་འབྲོག་ཡུལ་སྐྱིད་པའི་མཚར་སྡུག་གིས།།

སུན་རྩེན་ཚངས་པའི་ཡུལ་གྱི་མཛེས་པ་འགོག།

ཨེ་མ་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་འདིས།།

སུའུ་དཔང་གྲགས་པ་འབར་ལ་རབ་ཏུ་དགོད།།

མི་གཤིས་ཀུན་འཇམ་གསོན་དཀར་ལྗོན་པ་ཡིས།།

གཡང་དཀར་ཚེར་མོའི་བལ་ལ་ཕྲག་དོག་གོ།།

ཧ་ཧ་འཁོར་འདས་ཆོས་ཀྱི་རྡུལ་ཕྲན་རྩེར།།

ཡིད་འོང་མཚོ་མོས་རྒྱ་མཚོར་མི་བཟོད་བྱེད།།


  • ལེ་ཚན་སྔོན་མ།:གསང་ཟྭ་བརྒྱབ་པའི་ལྷ་མོའི་གཟིམ་ཤག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།