ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་ཚོགས་འདུར་ཞུགས།

        2022-11-17

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ11ཚེས15ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པ་ཧིན་ངྷུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་ཁ་བྱང་དུ《དུས་རབས་ཀྱི་འགྲན་སློང་མཉམ་དུ་བསུས་ནས་འབྱུང་འགྱུར་མཛེས་སྡུག་ལྡན་པ་མཉམ་དུ་བསྐྲུན》ཞེས་པ་བྱས་ནས་གསུང་བཤད་གལ་ཆེན་གནང་བ་རེད།


     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མྱོང་མེད་པ་འཕོ་འགྱུར་ཆེན་པོ་འཕྲད་བཞིན་ཡོད་ལ། དེ་ནི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག། ལོ་རྒྱུས་ཀྱི་འགྱུར་ལྡོག་རེད། ད་ཆར་ཏོག་གསར་གློ་ཚད་ཡང་ཡང་བྱུང་བ་དང་། འཛམ་གླིང་དཔལ་འབྱོར་ཉམས་ཞན་རང་བཞིན་སྔར་བས་མངོན་གསལ་དོད་ལ། ས་མཚམས་ཆབ་སྲིད་ཀྱི་དུས་བབ་ཛ་དྲག་ཅིང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་འཐུས་ཤོར་ཚབས་ཆེན་བྱུང་བ་དང་། འབྲུ་རིགས་དང་ནུས་རྒྱུ་སོགས་ཉམས་ཉེན་སྣ་ཚོགས་གཅིག་ཐོག་ཉིས་བརྩེགས་བྱུང་ཞིང་། འགྲོ་བ་མིའི་འཕེལ་རྒྱས་ལ་འགྲན་སློང་གལ་ཆེན་འཕྲད་ཡོད། རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ནས། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་ཁེ་ཡོང་བ་དར་སྤེལ་དང་། མཐུན་སྒྲིལ་གྱིས་ཁ་ཕྲལ་གྱི་ཚབ་དང་། མཉམ་ལས་ཀྱིས་ཁ་གཏད་ཀྱི་ཚབ། ཁོང་ཡངས་ཀྱིས་གཞན་འབུད་ཀྱི་ཚབ་བྱེད་དུ་བཅུག་ནས་འཛམ་གླིང་ཅི་ཞིག་རེད་སོང་། ང་ཚོས་གང་འདྲ་བྱ་དགོས་ཞེས་པའི་དུས་རབས་ཀྱི་དཔྱད་གཞི་མཉམ་དུ་བཀྲོལ་ནས་དཀའ་གནད་མཉམ་སྒྲོལ་དང་འབྱུང་འགྱུར་མཉམ་གཏོད་བྱ་དགོས་ཞེས་གསུངས་པ་རེད།


     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཚང་མ་འཛམ་གླིང་དང་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་ཡིན་པས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་དགོས་པ་དང་། མིག་དཔེའི་ནུས་པ་འདོན་ཅིང་། རྒྱལ་ཁབ་ཁག་གི་འཕེལ་རྒྱས་དོན་དུ་གཉེར་བ་དང་། འགྲོ་བ་མི་ལ་བདེ་སྐྱིད་བསྐྲུན་པ། འཛམ་གླིང་ཡར་རྒྱས་ཡོང་བ་དོན་གཉེར་བྱ་དགོས།


     ང་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་བས་ཁོང་ཡངས་པར་བསྐུལ་དགོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞིང་ཁ་ཕྲལ་ལ་མདུན་ལམ་མེད། ང་ཚོ་སའི་གོ་ལའི་གྲོང་ཚོ་གཅིག་ཏུ་འཚོ་བཞིན་ཡོད་པས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་སྐབས་ཕྱར་བ་གྲུ་འདེགས་བྱ་དགོས། འདུ་ཤེས་འཛིན་སྟངས་ལ་བརྟེན་ནས་དབྱེ་འབྱེད་དང་། ཚོགས་ཁག་ཆབ་སྲིད་དང་དཔུང་ཁག་འགྲན་རྒོལ་བྱས་ན་འཛམ་གླིང་ཁ་ཕྲལ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་འགྲོ་བ་མིའི་ཡར་ཐོན་ལ་འགོག་རྐྱེན་བཟོ་ངེས་རེད། འགྲོ་བ་མིའི་ཤེས་དཔལ་དུས་རབས21པར་སླེབས་ཡོད་པ་དང་། འཇམ་འཐབ་ཀྱི་བསམ་གཞིགས་ནི་སྔ་ས་ནས་དུས་ལས་ཡོལ་ཟིན་ཡོད། ང་ཚོས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་མཉམ་ལས་གཉིས་ཕན་གྱི་བསམ་ཕྱོགས་གསར་པ་གཏོད་དགོས། རྒྱལ་ཁབ་ཁག་གིས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག། ཞི་བདེ་མཉམ་གནས་ཀྱིས་འཛམ་གླིང་དཔལ་འབྱོར་ སྒོ་འབྱེད་ཅན་སྐྲུན་པར་བསྐུལ་བ་ལས། ཁྱིམ་མཚེས་དགྲ་རུ་མི་བཟུང་ཞིང་། སྒོ་ར་ཆུང་ཆུང་ཞིག་ལ་གྱང་མཐོན་པོ་ཞིག་བརྩིགས་ནས་སྒོ་རྒྱག་དང་གཞན་འབུད་ཀྱི་འཁོར་རྒྱ་ཆུང་ཆུང་ཞིག་འཛུགས་མི་རུང་། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཐུན་སྒྲིལ་མཉམ་ལས་ཀྱི་ཐོག་མའི་བསམ་གཞི་བརྟན་དུ་སྲུང་ཞིང་། ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་། གྲོས་མོལ་གཅིག་གྱུར་གྱི་རྩ་དོན་མཐའ་འཁྱོངས་བྱ་དགོས། ཁ་ཕྲལ་དང་ཁ་གཏད་དུ་ལངས་པར་ཕྱོགས་གང་ཞིག་གི་ཁེ་ཕན་དང་མི་འཚམ་པ་ལ། མཐུན་སྒྲིལ་མཉམ་ཆགས་ནི་ད་གཟོད་གདམ་ག་ཡང་དག་པ་ཡིན། ང་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྔར་བས་ཀུན་ཕན་ཆེ་བར་བསྐུལ་དགོས། རྒྱལ་ཁབ་ཁག་ཐུན་མོང་དུ་འཕེལ་རྒྱས་འགྲོ་བ་ནི་ད་གཟོད་འཕེལ་རྒྱས་ངོ་མ་ཡིན། འཛམ་གླིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་དབུལ་པོ་ཇེ་དབུལ་དང་ཕྱུག་པོ་ཇེ་ཕྱུག་གི་རྨང་གཞིའི་ཐོག་ཏུ་འཛུགས་མི་སྲིད། རྒྱལ་ཁབ་ཚང་མས་འཚོ་བ་ཡག་པོ་སྐྱེལ་ཐུབ་རེ་བྱེད་བཞིན་ཡོད་ལ། དེང་རབས་ཅན་ནི་རྒྱལ་ཁབ་གང་རུང་གི་དམིགས་བསལ་དབང་ཆ་མིན། མདུན་ཕྱོགས་སུ་བསྐྱོད་པའི་རྒྱལ་ཁབ་ཀྱིས་ལྷག་བསམ་རྣམ་དག་ངང་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་རོགས་རམ་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱ་དགོས། རྒྱལ་ཁབ་ཆེན་པོ་ཞིག་ལ་རྒྱལ་ཁབ་ཆེན་པོ་ཞིག་གི་འགན་འཁྲི་འཁུར་དགོས་ཤིང་། ཚང་མས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ཆེད་སེམས་ནུས་ཡོད་རྒུ་འབུལ་དགོས། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་བཙུགས་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས100ལྷག་དང་མཉམ་དུ་གྲོས་འགོ་དེ་ལ་བསྐུལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་འཕེལ་རྒྱས་རྒྱུན་སྲིང་ཐུབ་པའི་གྲོས་རིམ་དོན་ཐོག་འཁྱོལ་བའི་ཆེད་རམ་འདེགས་གསར་པ་འབུལ་རྒྱུ་ཡིན།

  

     ང་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཉེན་ཆ་དེ་བས་ཆེ་བ་ཡོད་པར་བསྐུལ་དགོས། དཔལ་འབྱོར་འཛམ་གླིང་ཅན་ལ་འགོག་རྐྱེན་ཐེབས་པ་དང་། འཛམ་གླིང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་ཉེན་ཡོད་ལ། ཚང་མ་འཚོ་དཀའ་བའི་གནས་སུ་ལྷུང་ཞིང་། དེ་ཡང་ཤུགས་རྐྱེན་ཕོག་སྔ་བ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། ང་ཚོས་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་འཕེལ་རྒྱས་ཀྱི་གནད་དོན་ལ་མཐོང་ཆེན་བྱ་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྐྱར་དར་གྱི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། འཕེལ་རྒྱས་སྔོན་ལ་འཇོག་པ་དང་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཀའ་གནད་ལ་སྔ་ཕྱི་བར་གསུམ་དུ་བསམ་བློ་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་བྱ་ཡུལ་ལ་ལྟ་རྟོག་བྱ་དགོས། ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པར་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་ཁག་གིས་རིམས་འགོག་རྒྱལ་སྤྱིའི་མཉམ་ལས་མུ་མཐུད་དེ་ཤུགས་ཆེན་གཏོང་བ་དང་། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་མི་ཤོར་བ་དང་། རྒྱུད་རིམ་རང་བཞིན་གྱི་དཔལ་འབྱོར་དངུལ་རྩའི་ཉེན་ཁ་སེལ་ཞིང་། ལྷག་པར་དུ་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་དངུལ་ལོ་ སྲིད་ཇུས་ལེགས་སྒྲིག་གི་ལྡོག་ཕྱོགས་ཕྱིར་ལུད་ཕན་འབྲས་བསྐྱུང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུན་དབང་འཛིན་མཁན་གཙོ་བོ་ཡིན་པའི་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་དང་ཚོང་ལས་བུན་བདག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བུ་ལོན་བསྐྱུང་བའི་བྱ་སྤྱོད་ནང་ཞུགས་དགོས། ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུ་ལོན་འགྱངས་པའི་གྲོས་འགོ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་ཁྲོད་བུ་ལོན་འགྱངས་པའི་བསྡོམས་འབོར་ཆེ་ཤོས་ཡིན་ལ། འབྲེལ་ཡོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དཀའ་གནད་ལས་སྒྲོལ་བར་རྒྱབ་སྐྱོར་བྱས་ཡོད།


     ང་ཚོས་འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་འཛིན་པའི་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་མུ་མཐུད་དེ་སྲུང་སྐྱོང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་ཞིང་། ཉོ་ཚོང་དང་དངུལ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་ཡོང་བ་བྱ་དགོས། ཀྲུང་གོས་ཨང་ཀིའི་གསར་གཏོད་མཉམ་ལས་བྱ་སྤྱོད་འཆར་གཞི་བཏོན་ཡོད་ཅིང་། ཕྱོགས་ཁག་དང་མཉམ་དུ་སྒོ་འབྱེད་དང་། འདྲ་མཉམ། མཐོང་ཆུང་མི་བྱེད་པའི་ཨང་ཀིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་ཏེ་ལྷོི་བྱང་རྒྱལ་ཁབ་བར་གྱི་ཨང་ཀིའི་འགལ་རྐྱེན་བསྟུང་བའི་རེ་བ་བྱེད་ཀྱི་ཡོད། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་འབྱུང་འཕྲོད་ཐཱན་ཉུང་གི་འཕེལ་ཕྱོགས་སུ་བསྒྱུར་དགོས་ན། ངེས་པར་དུ་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལྟར། མ་དངུལ་དང་། ལག་རྩལ། ནུས་པ་བཅས་ཀྱི་ཐད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱ་དགོས། རུལ་སུངས་ལ་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པ་མཐའ་འཁྱོངས་ཤིང་། བྲོས་འདེད་དངུལ་འདེད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་དགོས།


     ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འབྲུ་རིགས་དང་ནུས་ཁུངས་ཉེན་མེད་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འགྲན་སློང་ཞིག་རེད། ད་སྔའི་ཉམས་ཉེན་གྱི་འབྱུང་རྩ་ནི་ཐོན་སྐྱེད་དང་དགོས་མཁོའི་གནད་དོན་མ་ཡིན་པར་མཁོ་སྤྲོད་ཀྱི་འབྲེལ་ཐག་ལ་གནད་དོན་ཐོན་པ་དང་རྒྱལ་སྤྱིའི་མཉམ་ལས་ལ་འགོག་རྐྱེན་འཕྲད་ཡོད། ཐག་གཅོད་ཐབས་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་མཉམ་ལས་ལ་ཤུགས་བསྣན་པ་དང་། ཚོང་ཟོག་ཐོན་འབོར་ཆེ་བ་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་ཤིང་། སྒོ་འབྱེད་དང་། བརྟན་པོ། རྒྱུན་སྲིང་ཐུབ་པའི་ཚོང་ཟོག་སྤོམ་ཆེན་གྱི་ཁྲོམ་ར་སྐྲུན་པ་དང་། མཉམ་དུ་མཁོ་སྤྲོད་ཀྱི་འབྲེལ་ཐག་ཐོགས་ཐུག་མེད་པ་བཟོ་བ་དང་། ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བྱ་དགོས། འབྲུ་རིགས་དང་ནུས་རྒྱུའི་གནད་དོན་ཆབ་སྲིད་ཅན་དང་། ཡོ་བྱད་ཅན། མཚོན་ཆ་ཅན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་ཐབས་མེད་པར་བཟོ་བ་དང་། འབྲེལ་ཡོད་ཚན་རྩལ་མཉམ་ལས་ཀྱི་ཚོད་འཛིན་མེད་པར་བཟོ་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་ཐོན་སྐྱེད་དང་། གསོག་ཉར། མ་དངུལ། ལག་རྩལ་སོགས་ཀྱི་ཐད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱ་དགོས། ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པར་རྒྱལ་སྤྱིའི་འབྲུ་རིགས་ཉེན་མེད་མཉམ་ལས་གྲོས་འགོ་བཏོན་ནས་ཕྱོགས་ཁག་དང་མཉམ་ལས་ཤུགས་ཆེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།


     ཞི་ཅིན་ཕིང་གིས་མཇུག་མཐར་ནན་གསུང་གནང་དོན། ཉེ་ཆར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ནས་ཀྲུང་གོའི་འབྱུང་འགྱུར་ལོ5དང་ཐ་ན་དུས་ཡུན་དེ་བས་རིང་བའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་དང་མཛད་ཇུས་གལ་ཆེན་ཇུས་འགོད་བྱས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་ཟབ་ཏུ་སྤེལ་བ་དང་སྒོ་མོ་རྒྱ་ཆེར་འབྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ་ཡིན། དེང་རབས་ཅན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་པའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་ཡིན་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྦྱིན་ངེས་ལ། འགྲོ་བ་མི་ཡོངས་ཡར་ཐོན་ཡོང་ཆེད་བྱས་རྗེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།

     ཝང་དབྱི་དང་ཧོ་ལི་ཧྥེང་སོགས་གོང་གི་བྱེད་སྒོར་ཞུགས་ཡོད་པ་རེད།




ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བུད་མེད་འདི་ལ་2022ལོའི་ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།