རྒྱ་མཚོའི་རླུང་འཚུབ་བྱུང་ནས་མི་375རྐྱེན་ལམ་དུ་ཤོར།

    མི་དམངས་དྲ་བ།    2021-12-23

 ཧྥི་ལི་ཕིན་རྒྱལ་ཁབ་ཉེན་རྟོག་པས་ཚེས་20ཉིན་གྱི་ཕྱི་དྲོ་བརྡ་ཁྱབ་སྤེལ་ནས་རྒྱ་མཚོའི་རླུང་འཚུབ“ལུའེ་དབྱི”ཡིས་རྒྱལ་ཁབ་དེ་རུ་མི་375རྐྱེན་ལམ་དུ་ཤོར་བ་དང་། མི་500ལ་རྨས་སྐྱོན་ཕོག་པ། མི་56གར་སོང་ཆ་མེད་དུ་གྱུར་བཅུག་ཡོད་པ་བཤད། 
   ཉེན་རྟོག་ཕྱོགས་ཀྱིས་སྙན་ཞུ་ཞིག་ནང་། ཧྥི་ལི་ཕིན་དབུས་རྒྱུད་ཀྱི་ཀྲུང་སྨི་ཧྲ་ཡན་ས་ཁུལ་དང་ལྷོ་རྒྱུད་ཀྱི་མན་ལན་ལའོ་གླིང་ཕྲན་གྱི་བྱང་ཤར་རྒྱུད་ཀྱི་ཁ་ལ་ཅ་ས་ཁུལ་དུ་གནོད་འཚེ་ཚབས་ཆེན་བྱུང་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་ཤོས་ཡིན་པ། དེའི་ཁྲོད་པའོ་ཧོ་ཞིང་ཆེན་གྱི་མི་94རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི་18གར་སོང་ཆ་མེད་དུ་གྱུར་ཚུལ་སྙན་སེང་ཞུས་ཡོད། ཞི་ནེ་ཀེ་ལུའོ་སི་ཞིང་ཆེན་དང་། སུའུ་ཝུའུ་ཞིང་ཆེན། ཏི་ན་ཅ་ཐེ་ཞིང་ཆེན་བཅས་སུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཀྱང་གྲངས་གནས་གཉིས་ཟིན་ཡོད་པ་རེད།
   “ལུའེ་དབྱི”བྱུང་སའི་ས་ཁུལ་གྱི་སྡོད་ཁང་མང་པོར་གཏོར་སྐྱོན་ཕོག་པ་དང་འགྲོ་ལམ་ཁག་གཅིག་ད་བར་ཤར་བགྲོད་ཐུབ་ཀྱི་མེད་པས། གྲོང་མི་ཁྲི་ཁ་ཤས་ལ་གློག་ཆད་པ་དང་འཕྲིན་གཏོང་ཆད་ཡོད་པ་རེད། ཉིན་དེར་ཧྥི་ལི་ཕིན་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་ནས“ལུའེ་དབྱི”ཡིས་ཧྥི་ལི་ཕིན་གྱི་ཞིང་ལས་དང་རྨང་གཞིའི་སྒྲིག་བཀོད་ལ་བཟོས་པའི་གྱོང་གུན་ཨ་སྒོར་ཁྲི་240དང་ཨ་སྒོར་ཁྲི་450ཟིན་པའི་ཚོད་དཔག་རགས་ཙམ་བྱས་ཡོད། 
   “ལུའེ་དབྱི”ནི་འདི་ལོ་ཧྥི་ལི་ཕིན་ལ་འཕྲད་པའི་རྒྱ་མཚོའི་རླུང་འཚུབ་ཆེ་ཤོས་ཀྱི་གྲས་ཤིག་རེད། ཚེས་16ཉིན་གྱི་ཕྱི་དྲོ“ལུའེ་དབྱི”ཧྥི་ལི་ཕིན་ལྷོ་རྒྱུད་ཀྱི་ཞི་ཡ་ཀའོ་གླིང་ཕྲན་དུ་སྐམ་སར་བབས་ནས་རླུང་ཆེན་དང་དྲག་ཆར་བབས་པ་མ་ཟད། ཆུ་ལོག་ཀྱང་ཐོན་ནས་གནོད་འཚེ་ཕོག་མཁན་ཁྲི་118ལས་བརྒལ་ཡོད་པ་རེད།
   ཧྥི་ལི་ཕིན་ནི་ནུབ་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱ་མཚོའི་རླུང་འཚུབ་རྒྱུད་དུ་གནས་ཤིང་། ཆ་སྙོམས་བྱས་ན་ལོ་ལྟར་རྒྱ་མཚོའི་རླུང་འཚུབ་དང་ཚ་ཁུལ་རླུང་འཚུབ་ཐེངས་20འབྱུང་བཞིན་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཞིག་ལ་བཀག་སྡོམ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།