སོར་གདུབ། 2022-11-18
སྒྱུ་འཕྲུལ་མཚན་དཔེས་མཛེས་པའི་སྐུ་ལུས་ཀྱི་གོང་ན།།
ཟླ་བའི་ལང་ཚོ་བཞད་འདྲའི་བཞིན་བཟང་གི་དཀྱིལ་འཁོར།།
ཨེ་མ་མཆོར་སྒེག་སྟོང་གི་ཕ་མཐའ་རུ་སོན་པའི།།
ངག་དབང་མཚོ་འབྱུང་ལྷ་མོ་སོར་རྩེ་ནས་བོས་ཡོད།།
ཤར་ཕྱོགས་ས་འཛིན་དཀར་པོའི་གདེངས་ཀ་ཡི་མདུན་སོའི།།
ཆུ་འཛིན་དཔུང་གདང་སྦྲེལ་བའི་སྟེགས་བུ་ཡི་དབུས་སུ།།
རྣམ་བཀྲའི་དབང་གཞུ་མཁྲིགས་པའི་གུར་ཁྱིམ་གྱི་ཀློང་ན།།
བབ་བརླིང་གཡེར་བའི་ཉམས་ཀྱིས་ཡང་ཡང་དུ་ཞུགས་རོགས།།
ཕྱག་གིས་པི་ཝང་སྙན་མོ་སྐད་ཅིག་ཙམ་དཀྲོལ་ན།།
ཁམས་གསུམ་འཇིག་རྟེན་བདུན་པོའི་ཡིད་དབང་འཕྲོག་ནུས་པའི།།
སྙན་པའི་བདུད་རྩི་བྱོ་བའི་བུམ་བཟང་གི་ཁ་ནས།།
ཐིགས་པའི་ཆ་ཤས་ཙམ་ཞིག་བདག་ཡིད་ལ་སྩོལ་མཛོད།།
ལྷ་མོའི་བྱིན་མཐུ་སིམ་པས་མགྲིན་ངག་གི་རྩ་འདབ།།
གྲོལ་བའི་སྟངས་འཛིན་དབེན་ཡང་ལྷོད་ཙམ་ཞིག་བྱས་ནས།།
ཚེ་གཅིག་ལྷོད་མེད་མཛའ་བའི་དུང་སེམས་ཀྱི་གླེང་གཞི།།
གྲེ་བའི་ཀློང་ཡངས་འདི་ནས་ཤུགས་དྲག་གིས་ལྡང་ཤོག།
ཉི་འོད་ཕྱེ་མར་བཏག་འདྲའི་གྲོང་ཁྱེར་གྱི་གློག་ཚོན།།
འཛམ་གླིང་ལག་མཐིལ་བཞག་འདྲའི་རྩིས་འཕྲུལ་གྱི་གློག་ཀླད།།
བགྲང་ཡས་དངོས་པོའི་ཚོགས་ལ་ངོ་མཚར་གྱིས་ཕྱུག་ཀྱང་།།
སྙན་ཚིག་གཏམ་གྱི་འབབ་སྟེགས་ཁྱེད་ཉིད་རང་འདེམས་སོ།།
ལོ་ཟླའི་ཆབ་རྒྱུན་ངོགས་ནས་མཛེས་སྡུག་ཅིག་གྲོལ་བའི།།
ཡིད་འོང་མེ་ཏོག་བུ་མོའི་ཕྱི་ནང་ཀུན་བརྗོད་པའི།།
སྙན་མོའི་གཏམ་གྱི་བསིལ་རླུང་གཞན་དབང་གིས་གཡོས་པས།།
མཆོར་སྒེག་དར་གྱི་ཤམ་བུ་རང་དབང་གིས་འགུལ་སོང་།།
འཁོར་འདས་ས་ཚིགས་བརྒལ་བའི་མན་ངག་རེ་མ་བསྙད།།
ཕ་མེས་གོམས་སྲོལ་བསྐྱོང་བའི་གཞུང་ལུགས་དེ་མ་སྨྲས།།
སྣང་བའི་ཉི་ཟླ་བཤུམ་པའི་སྐྱོ་མགུར་ཡང་མ་འཐེན།།
མཛའ་བརྩེའི་འོབས་སུ་རྒྱུ་བའི་སྙིང་སྡུག་དེ་བརྗོད་ན།།
སྲིད་པའི་རྙོག་འཛིང་ཆེ་སའི་ས་ཆེན་གྱི་ཞིང་ནས།།
བགྲང་ཡང་ཕ་མཐའ་མི་ཆོད་ཟང་ཟིང་གི་མི་ཚོགས།།
མི་ཡི་གོ་རྟོགས་མི་གཅིག་ས་ཆེན་གྱི་སྒང་གཤོང་།།
མི་སེམས་འཇའ་བཞིན་བཀྲ་བས་སྣ་ཚོགས་སུ་མཐོང་སྲིད།།
ཡིད་འོང་ལྷན་སྐྱེས་དགོད་པའི་པདྨ་ཡི་འཛུམ་ཞལ།།
སྐྲ་ལོའི་ལན་བུ་རེ་རེའི་སྐྱེ་ཚུལ་དང་ལྷན་དུ།།
བདག་གི་ནང་སེམས་བྲིད་པའི་ངང་ཚུལ་གྱི་སྙིང་གཏམ།།
ཁྱེད་ཀྱི་མཚན་ནས་འཆང་ཞིང་ཤུབ་བུར་རེ་སྨྲས་ན།།
མི་ལག་གསེར་དང་མི་ལག་འདྲེ་ཡིན་པའི་དཔེ་ལྟར།།
མི་ཁ་རླུང་ལས་རྩུབ་པའི་སྤུ་གྲི་ཡི་རྣོ་རེད།།
མི་ཁ་རྦབ་ལས་མགྱོགས་པའི་གློག་དམར་གྱི་གར་རེད།།
མི་ཁ་རླབས་ལས་རྒོད་པའི་མེ་དཔུང་གི་དབལ་རེད།།
གང་ལའང་ཁྲེལ་དགོད་དགའ་བའི་བླུན་རྨོངས་ཀྱི་ཁྱུ་ཚོགས།།
ང་ཡི་དྲོད་ཁོལ་བཅོམ་པར་ཧབ་དགོད་ཀྱིས་ཟུག་ན།།
ཧ་ཅང་བརྩེ་བའི་པི་ཝང་རྒྱུད་སྐུད་དག་བཅད་ཅིང་།།
ཞུ་འཕྲིན་སྙན་པའི་གདངས་ཀྱི་འདུ་སྒོ་ནས་འགོག་ངེས།།
འཕྱ་ཞིང་དགོད་པའི་སྟོན་ཀའི་བསིལ་རླུང་གིས་རེག་ཅིང་།།
ཁྲེལ་ཞིང་སྨོད་པའི་དུས་ཀྱི་གྲང་རེག་གིས་འཛིན་ན།།
མཛའ་གཅུགས་འཁྲི་ཤིང་མེ་ཏོག་བ་མོ་ཡིས་འཆིང་ཞིང་།།
ཚོར་བའི་ལོ་མའི་མཛེས་བ་འཐོར་རླུང་གིས་སྟོར་ཚེ།།
འགྱོད་གདུང་རྒྱ་མཚོ་ཆེན་པོའི་འཇིངས་ཟབ་ཏུ་བྱིང་ཞིང་།།
ཡིད་མུག་ཆུ་སྲིན་གདུག་པས་སྙིང་ཁ་རུ་རྨས་ན།།
དྲན་པ་སྡུག་གིས་སྦྲིད་ཅིང་ན་ཟུག་གི་ཆོ་ངེ་།།
ཡན་པའི་རླུང་ལ་བསྐུར་ཀྱང་སྐྱོ་ངལ་ནི་མི་ཟད།།
མཚན་གྱི་དར་ཆེན་རི་བོའི་རྩེ་མོ་ནས་འཆར་ཞིང་།།
ཡུལ་ཕྱོགས་གང་སོགས་དུང་གི་རོལ་མོ་ལྟར་འབུད་ན།།
ཁྲེལ་རྒོད་ཧབ་ཆ་གོད་པའི་བླུན་རྨོངས་ཀྱི་ཁྱུ་ཚོགས།།
བྱམས་པའི་ལས་འཕྲོར་འཚེ་བའི་སྟ་གོན་ལ་བྲེལ་ངེས།།
ཚེ་གཅིག་འཛད་པ་མེད་པའི་བརྩེ་གདུང་གི་ཁྲོད་དུ།།
སྣང་བའི་གཤིས་ཀ་བཅོམ་པའི་འཇིགས་སྣང་ཞིག་ཁུར་དུས།།
ཡུལ་སྡེའི་འཕྱ་སྨོད་འགོག་པའི་ཕུབ་ཆེན་གྱི་ཟོལ་གྱིས།།
མཚན་དང་ཕ་ཡུལ་སྦས་པའི་རང་བཞིན་གྱིས་བཀོད་དོ།།
ར་ཡི་མགོ་དེ་གླག་གིས་འཁྱེར་ཡང་ད་ནི་འོག་གནས་རྗེས་འདེད་མེད། །
རྭ་ཅོ་ཅན་གྱི་ཇ་འཐུང་རྒན་པོས་རལ་གྲི་འཆར་བའི་ངང་ཚུལ་འཛིན། །
ཀ་བ་ཡ་གཅིག་ས་གཞིའི་འོག་ནས་གུག་གུག་མཇོར་གྱིས་སྔོག་གྲབ་ན། །
ད་འདིས་རྗེས་འདེད་ར་མདའ་ཡོད་པའི་མཚན་
གྱི་གསང་མཐིལ་བརྟོལ་བར་འཚལ།།
ཕྱི་ཡི་མཛེས་པ་ཉི་ཟླའི་འོད་སྣང་ལྟར་འཕགས་ཀྱང་།།
ནང་གི་ཞི་དུལ་གནམ་མཐའི་སྐར་ཕྲན་ལ་གཏད་པའི།།
གསང་གི་སྐྱ་རེངས་ཐ་མའི་དཀར་ཁུང་གི་བར་ནས།།
མཛངས་མའི་ཕྱི་མཛེས་ནང་གཙང་རྣམ་ཐར་ཞིག་མཐོང་སོང་།།
ཞལ་རས་འཛུམ་དང་བཅས་ཏེ་གློ་བུར་དུ་མཐོང་དུས།།
ཨུཏྤལ་དཀར་པོ་བཞད་པའི་གཟུགས་བརྙན་གྱིས་བསླུས་སོང་།།
དེ་ལ་རང་དབང་མངོན་པའི་སྤྱན་ཟུང་ཞིག་གཡོ་དུས།།
མེ་ཏོག་འཐོར་བ་འཁོར་བའི་ངང་ཚུལ་ཞིག་སྟེར་བྱུང་།།
གལ་ཏེ་དལ་འཛིན་ཡུལ་དུ་ཁྱོད་འདྲ་ཞིག་མེད་ན།།
ལེགས་བྲིས་དམག་དཔུང་ཚོགས་བཞི་མི་ཡུལ་དུ་དྲངས་ཏེ།།
གློག་ལྕེའི་རྡུལ་མཚོན་དག་གིས་ཕུ་མདའ་ཀུན་དཀྲུགས་ནས།།
ཁྱོད་ཀྱང་སུམ་རྩེན་འཁྲིད་པར་ཐེ་ཚོམ་ཞིག་མི་འདུག།
རླུང་བུ་ཕར་ལ་འཇགས་པའི་ས་སྲོད་ཀྱི་དུས་ན།།
ལང་ཚོ་མཛེས་པའི་བསུང་ངེད་ཕྱོགས་བཞི་ལ་མ་འཁྱེར།།
ནམ་ཟླ་དཔྱིད་ཀའི་དཔལ་ཡོན་ཉིན་ཞག་གིས་འཛུམ་དུས།།
སྦྲང་ཆར་སྨྲེ་བ་བཏགས་པའི་མེ་ཏོག་ལྟར་མཆོར་སོང་།།
ཁྱོད་ལུས་སྒེག་པའི་ཉམས་ཀྱི་སྒྱུ་རྩལ་ནི་རེ་རེ།།
དཔེར་ན་རླུང་བུའི་གསེབ་ནས་དྲི་ཞིམ་ཞིག་འཐུལ་བ།།
ཕོ་གཞོན་རྐང་དྲུག་ཁྱུ་ཚོགས་མ་བོས་ཀྱང་འཁོར་བ།།
ལས་ཀྱི་འཁོར་ཚོགས་བདག་པའི་བརྩེ་ཆེན་གྱི་ལྷ་མོ།།
འཛུམ་དང་སྨིན་མའི་སྟེགས་བུ་དཀར་གཙང་གི་ཞལ་རས།།
ཤིན་ཏུ་འཇམ་ཤ་དོད་པ་ཨུཏྤལ་གྱི་རེག་བྱ།།
རྩུབ་མོའི་ལག་དང་རྣོ་མོའི་ཁ་མཆུ་ནི་ལྟ་ཞོག།
བསིལ་རླུང་ཕྲན་བུས་རེག་ཀྱང་སེར་སྣ་ཡིས་མུག་འགྲོ།།
རེག་བྱེད་གཟའ་བདུད་ཀླུ་བཙན་དྲི་ཟ་དང་བཅས་པའི།།
ལང་ཚོའི་བྱད་ཀྱིས་སྙེམས་པའི་བུད་མེད་ནི་ཚོགས་ཀྱང་།།
ལྗོན་པའི་ཁྲི་ཤིང་གཡོས་འདྲའི་ཡིད་འོང་གི་དཔེ་བྱད།།
ལེགས་བྲིས་ཌཱ་ཀིའི་གྲལ་ན་རེ་འགའ་ལས་ཡོད་མིན།།
མཛེས་ཆོས་སྟོང་གིས་ཕྱུག་པའི་ཁྱེད་ཉིད་ལ་ཞེན་ནས།།
ཀླུ་སྲས་རིན་ཆེན་མཚོ་རྒྱལ་མི་ཡུལ་དུ་བྱོལ་གྲབ།།
དེ་མར་ཀླུ་ཆེན་རྒྱལ་པོའི་གསང་དོན་དག་རྟོགས་ནས།།
མཚོ་མོའི་དར་གྱི་སྒོ་ཆེན་བཀའ་བཙན་གྱིས་སྒྲིགས་སོང་།།
ལས་དབང་ཟླ་བ་གཞོན་ནུའི་ལང་ཚོ་ལ་བསམ་ན།།
སྤྲིན་པའི་བར་སྟོང་ཞིག་ནས་ཐར་གྲོལ་ལ་རེ་ཞིང་།།
ཚོར་བའི་གདིང་ནས་བཞུར་པའི་མིག་ཆུ་ཡི་ཟེགས་མ།།
ཁྱེད་རང་ཁོ་ནར་དབང་བའི་སྙན་ངག་ཏུ་བསྒྱུར་རོ།།
གཡའ་དག་ཆུ་འཛིན་བྲལ་བའི་ལྷ་ལམ་གྱི་དབྱིངས་སུ།།
ལམ་མེར་དུང་ཟླ་རྒྱུ་བའི་འཛུམ་མདངས་དེ་མཐོང་ན།།
བརྩེ་ཆེན་སྐྱེས་སུ་ཕུལ་བའི་སྙིང་ཆུང་གི་དྲན་པ།།
ཟླ་བའི་བསིལ་ངད་ངོགས་ནས་ཁྱོད་ས་རུ་སྤུར་མྱོང་།།
རི་རྩེའི་མཐོང་ལམ་གསལ་བའི་རྒྱང་རིང་གི་མཐའ་ལ།།
ལྷག་ལྷོག་སྤྲིན་དཀར་རྩིགས་མའི་འདུ་འགོད་དེ་མཐོང་ན།།
ཤིན་ཏུ་བྲེལ་ཤ་ལང་པའི་ཆབ་ཤོག་གི་རྒྱང་གཞས།།
ངག་འགྲོས་གཉོམ་པོ་ཞིག་གིས་རླུང་བུ་ལ་བསྐུར་འདོད།།
ཁ་བ་རླབས་ལྟར་བྱོ་བའི་དཀར་གཙང་གི་འདབ་ལོའི།།
བསིལ་ཞིང་ཡང་བའི་ཕྱག་གིས་ངོ་གདོང་ལ་རེག་དུས།།
མེ་དཔུང་དབལ་ངར་ཞིག་གིས་བློ་ཁ་རུ་བསྒྱུར་འདྲར།།
ཁྱོད་ཀྱི་གཟུགས་བྱད་རེ་རེ་མཛེས་སྡུག་གིས་ཤར་སོང་།།
ཕྱི་རོལ་སྒེའུ་ཁུང་ཁྲོད་ཀྱི་སྐར་ཚོགས་ལ་བལྟས་ནས།།
འདས་སོང་བྱ་བ་སེམས་ཀྱི་མེ་ལོང་དུ་དྲངས་དུས།།
མཛེས་པའི་ལང་ཚོའི་འཁྲི་ཤིང་མཇལ་འདོད་ནི་དྲག་པོས།།
སྐོམ་པའི་གདུང་བ་སེལ་ཐབས་ད་དུང་ཡང་མ་རྙེད།།
བག་ཆགས་སྟོབས་ཆེན་ཞིག་གི་སྣང་ཤས་ཀྱི་རི་མོ།།
བྱ་རྒོད་ཤ་ལ་རྔམས་ལྟར་འགོག་མེད་ཀྱི་ངང་ཚུལ།།
སེམས་བྱུང་སྦྲང་ཆར་འཛུམ་པའི་དབྱར་གཟིགས་ཀྱི་དུས་སུ། །
ཞེན་འཁྲིས་ཟེགས་མ་འཐོར་སའི་མེ་ཏོག་ནི་ཁྱོད་ཡིན།།
ཆར་འབྲུ་ཟིལ་མ་འབབ་པའི་རྒྱུད་རིམ་དང་ལྷན་དུ།།
འཇའ་གུར་ལང་ཚོ་ངོམས་ལ་དྲོད་འཇམ་གྱི་ནམ་ཟླ།།
དགྱེས་འཛུམ་འདབ་བརྒྱ་གློད་ཕྱིར་སྤྲོ་གསེང་དུ་ཕེབས་ན།།
ཡིད་འོང་སྙིང་གི་མཛའ་མོ་ད་ཚུར་དུ་བྱོན་དང་།།
ཁུ་སིམ་ལྷིང་འཇཊ་མཛེས་ལྗོངས་འཆར་ཡན་གྱིས་སྦྲུམ་འདྲའི།།
བདག་ཡིད་ཉམས་དགའི་སྐྱེད་ཚལ་ཀླུ་ལྡིང་གི་གླིང་ཕྲན།།
ཚེ་རབས་ལས་ཀྱིས་དུང་བའི་ཡུ་མོ་ནི་སྨུག་ཆུང་།།
བག་ཡངས་རྩེད་དགའི་ཉམས་ཀྱིས་རྩྭ་ཆུ་ལ་རོལ་ཆོག།
ལོ་ཟླའི་གཙང་ཆབ་སྔོན་མོ་ཕར་ཕར་དུ་བཞུད་ཀྱང་།།
མཐོང་སྣང་རྣོ་སྦྲེང་ཞིག་གི་མཐེབ་གཞོང་ལ་འཐམ་ནས།།
ཚེ་ཡི་འདས་མ་ད་གསུམ་སྙིང་གཏམ་དུ་བཀུས་ནས།།
སྙན་པའི་གདངས་དབྱངས་བཞུན་པོ་རྣ་ལམ་དུ་འདེབས་ཆོག།
དམ་ཚིག་གླུ་རུ་ལེན་པའི་ཚོང་འདུས་ཀྱི་ཁྲོམ་ནས།།
ཡག་སྡུག་དཀར་དམར་བསྲེས་འདྲའི་མི་ཚོཊ་ཤིག་འདུས་ཀྱང་།།
གཤིས་བཟང་བབ་ཆཊ་མཛངས་མའི་བརྟུལ་ཞུགས་ཀྱི་བུ་མོ།།
སྙིང་ཁུང་རུས་པའི་གཟེབ་ནས་གཅེས་དགོས་རང་བྱུང་སོང་།།
བདག་ནི་སྒྱུ་མའི་གྲོང་དུ་ཚོར་སྣང་གི་བྲན་གཡོག །
གལ་ཏེ་ལས་དབང་སྤུ་གྲི་ང་ལ་རེ་དབང་ན།།
འདང་རྩེའི་ཆར་སྤྲིན་རྩེན་པའི་ཟློས་གར་གྱི་ངོགས་དང་།།
གནམ་མཐའི་སྨུག་ཀློང་བར་ནས་གཅེས་སྐྱོང་ཞིག་བྱ་ཆོག།
སྐྱེ་འཆིའི་རྒྱུད་སྐུད་སྟེང་གི་རྣམ་ཤེས་ཀྱི་སྒྲ་དབྱངས།།
ནམ་ཞིག་ལུས་ཀྱི་མདའ་དང་གྱེས་དགོས་ཤིག་བྱུང་ཡང་།།
གསོན་པོའི་ཟུར་མིག་བར་ནས་དྲན་གདུང་ཞིག་བཞག་སྟེ།།
ང་ཡི་འཇིག་རྟེན་འདི་ནས་འཕུར་འགྲོ་རང་མ་གསུང་།།
གཞོན་མའི་ལང་ཚོ་གཡེར་པ་ཆོ་འཕྲུལ་ཞིག་མ་རེད།།
ཚེ་འདིར་ལས་ཀྱིས་འཕྲད་པ་སྟོང་ཉིད་ཀྱང་མ་རེད།།
འཛད་མེད་མཛའ་བ་ལྡང་བ་སྙན་ངག་ཙམ་མ་རེད།།
ཚོར་བའི་ངུ་བཤུམ་འདིའང་ལྷིང་འཇགས་ཤིག་མ་རེད།།
དགའ་མགུའི་གོམ་སྟབས་རྩེན་པའི་བག་ཆགས་ཀྱི་དོ་ཧ།།
ཡིད་ལུས་ཁོག་ཏུ་མ་རུལ་སྙན་ཚིག་གིས་སྤྲོས་ཡོད།།
ཕ་གིའི་ཡིད་འོང་བུ་མོ་བེམ་པོ་ཞིག་མིན་ན།།
ང་ཡི་སྙན་ངག་དམར་པོ་བདག་འཛིན་ཞིག་བྱ་རོགས།།
རྩོམ་གསར། 10