ཚེ་སྲོག་གི་ཆ་ཤས་རོལ་དབྱངས་ལས་གྲུབ།། རོལ་དབྱངས་ཀྱིས་བྱིས་སེམས་ཉག་ཕྲ་བ་གསོ།།

སྐལ་ཐུབ་ཀྱིས་བསྒྱུར་ནས་ཞུས།        2023-06-30

ལི་ཐང་རྫོང་ཆ་ཚང་སློབ་ཆུང་གསུམ་པའི་དགེ་རྒན་ཚེ་རིང་ཕུན་ཚོགས་ཀྱི་གནས་ཚུལ་རགས་བཀོད།

ཚེ་སྲོག་གི་ཆ་ཤས་རོལ་དབྱངས་ལས་གྲུབ།། རོལ་དབྱངས་ཀྱིས་བྱིས་སེམས་ཉག་ཕྲ་བ་གསོ།།

དབྱར་གཞུང་གི་ལི་ཐང་རྫོང་ནི་དུས་བཞི་ལས་ཆེས་སྐྱིད་ཤོས་དང་མཛེས་ཤོས་ཡིན་ལ། མཐོན་མཐིང་དགུང་སྔོན་དུ་དངུལ་དཀར་ཆུ་འཛིན་འཁྲིགས་ཤིང་རྩྭ་ཐང་གཡུ་ཡི་མེ་ལོང་དུ་གུར་དཀར་ནག་དང་རྟ་ནོར་ལུག་གསུམ་གྱིས་ཕྲ་ཚོམ་མེར་བརྒྱན་ཡོད། རྩྭ་ཐང་གི་ཉམས་དགའ་བའི་གནས་ཤིག་ཏུ་དགེ་རྒན་དར་མ་ཞིག་གིས་ལུས་ལ་མི་རིགས་ཀྱི་ཆས་གོན་སྤྲས་ཤིང་ལག་ཏུ་ཏམ་བུ་ར་སྟེ་སྒྲ་སྙན་བཟུང་ནས་དཀྲོལ་བཞིན་ཡོད་ལ། འཁོར་དུ་སློབ་མ་བཅུ་ཕྲག་ཁ་ཤས་ཀྱིས་གཟབ་འཆོར་སྤྲས་ནས་གླུ་ལེན་གར་འཁྲབ་ལ་རོལ་བཞིན་ཡོད། ཁོ་ཚོ་ནི་གཞན་མ་ཡིན་ཏེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཆ་ཚང་སློབ་གྲྭ་གསུམ་པའི་དགེ་སློབ་རྣམས་རེད། ལག་ཏུ་སྒྲ་སྙན་འཁུར་མཁན་ནི་སློབ་གྲྭ་དེའི་རོལ་དབྱངས་དགེ་རྒན་ཡིན་ལ།  ཁོའི་མིང་ལ་ཚེ་རིང་ཕུན་ཚོགས་ཟེར་བ་དང་། སློབ་མ་བཅུ་ཕྲག་ཁ་ཤས་ནི་དགེ་རྒན་ཚེ་རིང་ཕུན་ཚོགས་ཀྱིས་བཙུགས་པའི་མཉམ་ལེན་ཚོགས་པ་དགའ་མོས་འཛིན་གྲྭའི་ཁོངས་མི་ཚོ་རེད། གོང་གི་སྣང་ཚུལ་ཡང་དགེ་རྒན་ཚེ་རིང་ཕུན་ཚོགས་ཀྱིས་སློབ་ཞོར་དུ་སློབ་མ་ཚོར་རོལ་དབྱངས་སློབ་ཁྲིད་བྱེད་བཞིན་པའི་ཟུར་མཚོན་ཙམ་རེད།

རོལ་དབྱངས་དགའ་དུང་སེམས་ཕུགས་ཉར།། གུས་རྟག་བརྩོན་པ་རྒྱུན་མ་ཆད།།

ཚེ་རིང་ཕུན་ཚོགས་ཆུང་དུས་ནས་རོལ་དབྱངས་ལ་དགའ་ཞིང་དུང་མོད། འོན་ཀྱང་སྐབས་དེར་ཁྱིམ་ཚང་གི་འཁོས་སྟོབས་དང་སློབ་སྦྱོང་གི་ཁོར་ཡུག་སོགས་ཀྱི་རྐྱེན་ལས་རོལ་དབྱངས་ཤེས་བྱ་ཆ་ཚང་ཞིང་རྒྱུད་རིམ་ལྡན་པ་ཞིག་སྦྱང་རྒྱུའི་གོ་སྐབས་མེད་པ་རེད། ཚེ་རིང་ཕུན་ཚོགས་ནི་ཤེས་བྱ་ཡོན་ཏན་སྦྱོང་བར་སྙིང་རུས་ཆེ་ཞིང་སྐད་ངག་སྙན་མོ་ཞིག་ཀྱང་ལྷན་སྐྱེས་སུ་ཡོད། ཁོས་འབད་འབུངས་བྱས་པར་བརྒྱུད་འགྲོ་བ་མིའི་རྣམ་ཤེས་ཀྱི་བཟོ་སྐྲུན་པ་སྟེ་དགེ་རྒན་ཞིག་ཏུ་གྱུར། ཁོས་སློབ་ཁྲིད་ཀྱི་ཞོར་དུ་རོལ་དབྱངས་ལ་དགའ་བའི་འདུན་པའི་རྒྱུན་བསྐྱངས་ཏེ་རོལ་དབྱངས་ཀྱི་རིགས་གཞུང་དང་སྒྲ་སྙན་གྱི་རིགས་ཁག་དཀྲོལ་སྟངས་ལ་རང་སྦྱོང་གང་ལེགས་བྱས་པར་བརྟེན། ཀུན་གྱིས་ཁས་ལེན་ཐོབ་པའི་ཡུལ་སྡེའི་རོལ་དབྱངས་དགེ་རྒན་ཞིག་ཏུ་གྱུར།

ཚེ་རིང་ཕུན་ཚོགས་ཡོད་སའི་སློབ་གྲྭ་ནི་འབྲོག་ཁུལ་བྱིས་པ་གཙོས་པའི་ཞག་སྡོད་སློབ་གྲྭ་ཞིག་ཡིན་ལ། སློབ་གྲྭར་སློབ་མ1659ཡོད་ཅིང་དེ་རྣམས་ནི་ལི་ཐང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ22དང་དེ་བཞིན་མཐའ་སྐོར་གྱི་ཉག་ཆུ་རྫོང་དང་ཉག་རོང་རྫོང་གི་གནས་སྤོས་དུད་ཚང་ལ་ཁྱབ་ཡོད། སློབ་མ་ཕལ་ཆེར་གྱི་ཁྱིམ་ཚང་སློབ་གྲྭ་ལས་ཐག་རིང་དུ་གནས་ཤིང་། ལྷག་པར་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་སུ་ཁྱིམ་བདག་ཚང་མ་རི་འགོར་ཕྱིན་པས་སློབ་གྲྭར་རྒྱུན་སྡོད་སློབ་མ200ནས500བར་ཡོད་པ་རེད། སློབ་མ་ཚོའི་སློབ་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་པོ་ཞིག་ཡོང་བའི་ཆེད་དུ་སློབ་གྲྭས་རིགས་ཁག་གི་དགས་མོས་འཛིན་གྲྭ་བཙུགས་པ་དང་། དེའི་ཁྲོད་ཀྱི་སློབ་གྲྭའི་མཉམ་ལེན་ཚོགས་པ་དགའ་མོས་འཛིན་གྲྭའི་འགན་འཁུར་མཁན་ནི་དགེ་རྒན་ཚེ་རིང་ཕུན་ཚོགས་ཡིན། དགའ་མོས་འཛིན་གྲྭ་དེར་སློབ་མ་ཁྱོན་བསྡོམས15ཡོད། ཚེ་རིང་ཕུན་ཚོགས་ཀྱིས་སྦྲ་གུར་འཚོ་བ་ནས་ཞག་སྡོད་སྡོད་སློབ་གྲྭའི་འཚོ་བར་རིམ་བཞིན་གོམས་པའི་འབྲོག་ཁུལ་གྱི་བྱིས་པ་ཚོ་ཀུན་སྤྱོད་དང་ཤེས་རིག་སོགས་གང་ས་ཅི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། འོན་ཀྱང་རོལ་དབྱངས་དང་མཛེས་རྩལ་ཐད་ལ་ད་དུང་ཞན་ཆ་ཆེན་པོ་འདུག་ཅེས་བཤད།

མ་གཞིར་ཚེ་རིང་ཕུན་ཚོགས་ནི་རོལ་དབྱངས་དགེ་རྒན་མིན་ཞིང་། སྐབས་ཤིག་ལ་སློབ་གྲྭའི་རོལ་དབྱངས་དགེ་རྒན་ས་ཆུ་མི་འཕྲོད་པའི་དབང་གིས་དགོངས་པ་ཞུས་ནས་སོང་བ་དང་། སློབ་གྲྭའི་ཁུར་པོ་ཡང་དུ་གཏོང་ཆེད་ཁོས་རོལ་དབྱངས་དགེ་རྒན་གྱི་སློབ་ཁྲིད་ལས་ཀ་མ་སྐུལ་དང་བླངས་བྱས་པ་རེད། གང་རེད་ཟེར་ན་ཕྱོགས་གཅིག་ནས་རང་གི་རོལ་དབྱངས་དགའ་ཕྱོགས་ལག་ལེན་དུ་བསྟར་ཆོག་པ་དང་ཕྱོགས་གཞན་ཞིག་ནས་སློབ་མ་ཚོའི་རོལ་དབྱངས་ཐད་ཀྱི་མི་འདང་བ་ཁ་གསབ་པས་རེད། ངས་རོལ་དབྱངས་ལོ་མང་པོར་རང་སྦྱོང་བྱས་མོད། རེད་དེ་ཆེད་ལས་རྒྱུད་རིམ་ལྡན་པའི་སྦྱོང་བརྡར་ཐེབས་མྱོང་མེད། ནམ་རྒྱུན་རང་གིས་གླུ་ལེན་རྡུང་དཀྲོལ་བྱེད་དུས་སྣང་བ་སྐྱིད་པོ་རེད། འོན་ཀྱང་དངོས་སུ་སློབ་ཁྲིད་བྱེད་དུས་ཁོག་ན་ཡི་གེ་མེད་པ་ལྟ་བུ་ཞིག་ཏུ་ཆགས་ཀྱིན་འདུག་ཅེས་ཚེ་རིང་ཕུན་ཚོགས་ཀྱིས་ཅུང་ཁ་སྐྱེངས་པའི་ཚུལ་དུ་དེ་ལྟར་བཤད། རང་གི་རོལ་དབྱངས་སློབ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད་ཁོས་གཟུགས་ལམ་འཕྲིན་སྟེགས་བརྒྱུད་ནས་ཐོག་མར་རང་སྦྱོང་དཔྱིས་ཕྱིན་པ་བྱས་རྗེས་གཞི་ནས་སློབ་མ་རྣམས་ལ་ཁྲིད་པ་དང་།སློབ་ཐུན་རེ་རེར་དྲིལ་བརྡ་ཚང་ཐབས་ཙམ་མ་ཡིན་པར་ཐོག་མཐའ་བར་གསུམ་དུ་རྣལ་ཞིབ་ནན་གསུམ་ལག་ལེན་བསྟར། ད་དུང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་བྲོ་དེང་རབས་རོལ་ཆས་དང་མཉམ་དུ་འདྲེས་པའི་གསར་གཏོད་གང་ཐུབ་ཐུབ་བྱས་ཏེ། བྱིས་པ་ཚོ་རོལ་དབྱངས་ལ་སྤྲོ་བས་འཇུག་པའི་སྒོ་འཕར་ཡངས་མོར་ཕྱེ།

རོལ་དབྱངས་ཀྱིས་བྱིས་པ་ཚོར་ཡིད་ཆེས་དང་སྤོབས་པ་བྱིན་ཐུབ། བྱིས་པ་ཚོའི་མ་འོངས་པའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་ལ་སློབ་ཆུང་གི་དུས་རིམ་ནི་འགོ་འཛུགས་ས་ཡག་པོ་ཞིག་ཡིན། བྱིས་པ་ཚོས་རོལ་དབྱངས་ཀྱི་ཁྲོད་དུ་མཛེས་སྡུག་དང་བདེ་སྐྱིད་མྱོང་རོལ་ཐུབ་ཅིང་གསར་གཏོད་ལ་གོམ་ཁ་ཕྱོགས་པ་དང་། རོལ་དབྱངས་དང་འགྲོགས་ནས་ཚེ་སྲོག་ལ་འོད་མདངས་ཤིག་འཕྲོ་ཐུབ་པ་ནི་ངའི་རེ་བ་ཆེ་ཤོས་དེ་ཡིན་ཞེས་ཚེ་རིང་ཕུན་ཚོགས་ཀྱིས་མྱོང་ཚོར་ཟབ་མོ་ལྡན་པའི་སྒོ་ནས་དེ་ལྟར་བཤད།

རོལ་དབྱངས་རྩལ་ནུས་ཆེ་རུ་བཏང་།། བྱིས་པའི་སེམས་ཀྱི་མེ་ཏོག་གསོ།། 

སློབ་ཁྲིད་ཀྱི་གནས་ཚུལ་ཉིན་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཀྱང་། ཚེ་རིང་ཕུན་ཚོགས་ཀྱིས་གཅིག་ནི་ད་དུང་ནམ་ཡང་གསོ་སྦྱོང་གི་གོ་སྐབས་བཙལ་ནས་རང་ཉིད་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་པའི་བསམ་འདུན་འཆང་བཞིན་ཡོད། གཉིས་ནི་སློབ་མ་ཚོར་མཁོ་བའི་རོལ་ཆས་ཁ་སྐོང་ཉོ་སྒྲུབ་དགོས་པ་ཡང་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་རྩི་བཞིན་ཡོད། གོ་སྐབས་བཟང་པོ་མི་བརྩོན་འགྲུས་ཅན་ལ་དབང་ཞེས་པ་ལྟར། སྟབས་ལེགས་པ་ཞིག་ལ2021ལོའི་ཟླ་བ7པར། ཀྲུང་གོ་ཡུལ་སྡེ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ལས་སྒྲུབ་མི་སྣས་སློབ་གྲྭ་བཟང་པོའི་ལག་མགྱོགས་རོལ་དབྱངས་སློབ་ཁྲིད་ཅེས་པའི་སྤྱི་ཕན་ལས་གཞི་ལི་ཐང་རྫོང་གི་སློབ་གྲྭ17ལ་སྤེལ་བ་དང་། རྫོང་མཁར་ཆ་ཚང་སློབ་ཆུང་གསུམ་པ་ཡང་དེའི་གྲས་སུ་ཚུད་པས་ཚེ་རིང་ཕུན་ཚོགས་ཀྱི་རེ་འདུན་གཉིས་པོ་ཡང་དུས་ཅིག་ཆར་གྲུབ་པར་གྱུར། ལས་གཞི་ཚོགས་པས་ས་གནས་དེ་གའི་མི་

རིག་ཡུལ་ལྗོངས་ལ་གཞིགས་ནས་སློབ་གྲྭ་སོ་སོར་རོལ་དབྱངས་སློབ་ཁང་གི་བར་ཁོངས་བཟོས་པ་དང་། སྒྲ་སྙན་ཡུའུ་ཁེ་ལི་ལི་དང་ཧྥེ་གླིང་གི་རྔ་སོགས་ཁྱད་ཆོས་རོལ་ཆས་སྒྲིག་སྦྱོར་བྱས་པ་དང་ཆབས་ཅིག་ཁྲེང་ཏུའུ་རུ་ས་གནས་དེ་གའི་དགེ་རྒན་ཚོར་རོལ་དབྱངས་རྩལ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ་རེད།

སློབ་གྲྭ་བཟང་པོའི་སྤྱི་ཕན་ལས་གཞིའི་རྒྱབ་སྐྱོར་འོག་ཏུ་ཚེ་རིང་ཕུན་ཚོགས་ལ་བྱིས་པ་ཚོར་རོལ་དབྱངས་སློབ་ཁྲིད་སྔར་བས་ལེགས་པོ་ཞིག་ཁྲིད་པའི་ཡིད་ཆེས་དང་གདེང་ཚོད་སྐྱེས། ཁོས་སློབ་གྲྭས་བཀོད་པའི་གཏན་འཁེལ་རོལ་དབྱངས་སློབ་ཁྲིད་ཕུད། ད་དུང་ཕྲུ་གུ་ཚོའི་དགའ་མོས་ལ་གཞིགས་ནས་རོལ་དབྱངས་དགའ་མོས་འཛིན་གྲྭ་དང་བོད་རིགས་ཀྱི་རོལ་ཆས་སློབ་སྦྱོང་འཛིན་གྲྭ་བཙུགས་ནས་བྱིས་པ་ཚོའི་དགའ་མོས་ལྟར་མིང་ཐོ་འགོད་དུ་བཅུག་སྟེ་ཕྲུ་གུ་ཚོར་རོལ་དབྱངས་ལས་ཐོབ་པའི་དགའ་སྐྱིད་ལོངས་སུ་སྤྱོད་པའི་གོ་སྐབས་བྱིན་པ་རེད།

2022ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ། ཚེ་རིང་ཕུན་ཚོགས་ཀྱིས་སློབ་མ་ཚོ་ཁྲིད་དེ་དྲུག་གཅིག་ཐེང་ཞུན་འཕྲིན་སྟེགས་ཀྱི་མེ་ཏོག་དམར་པོ་ཆུང་ཆུང་ཞེས་པའི་སྤྱི་ཕན་རོལ་དབྱངས་འདུ་ཚོགས་ཀྱི་ཐད་གཏོང་དུ་ཞུགས་པ་རེད། རོལ་དབྱངས་ཐད་གཏོང་འདུ་ཚོགས་སུ་མ་ཞུགས་གོང་དུ་ཁོས་ཞོགས་སྔ་ལངས་དང་ནུབ་ཕྱི་ཉལ་གྱིས་ཕྲུ་གུ་ཚོ་དང་མཉམ་དུ་ནང་སྦྱོང་ཡང་སྐོར་བསྐྱར་སྐོར་བྱས་མཐར་རོལ་ཆས་མི་འདྲ་བ་དུ་མ་ཡོད་པའི་གླུ་བྲོའི་ལེ་ཚན་ངོ་མཚར་ཆེ་བ་ཞིག་ལྟད་མོ་ཡོངས་ཀྱི་མིག་ལམ་དུ་ཕུལ་ནས་ཚང་མའི་དགའ་བསུ་ཆེན་པོ་ཐོབ་ཡོད། དེ་དང་མཉམ་དུ་ཕྲུ་གུ་ཚོས་ཀྱང་དེའི་ཁྲོད་ནས་ཡིད་རྟོན་དང་དགའ་སྤྲོ། མཛའ་མཐུན་བཅས་ཀྱི་ཚོར་སྣང་རྙེད་ཡོད་པ་རེད།

ཚེ་རིང་ཕུན་ཚོགས་ཀྱིས་ང་ཚོའི་སློབ་གྲྭར་གཞིས་སྲུང་བྱིས་པ་མང་པོ་ཡོད། ཁོ་ཚོ་ཕལ་ཆེར་ཁེར་རྐྱང་དུ་ལུས་པའི་དུས་ཚོད་མང་ལ་གཉེན་ཉེའི་ཕྱོགས་ཀྱི་གཅེས་སྐྱོང་ཡང་དེ་ཙམ་ཐོབ་མེད། རོལ་དབྱངས་ཀྱི་དོན་སྙིང་ནི་ཁོ་ཚོས་ལག་རྩལ་གསར་པ་ཞིག་ཤེས་པ་ཙམ་ཁོ་ན་མ་ཡིན་པར་དེ་ལས་གལ་ཆེ་བ་ནི་རོལ་དབྱངས་ལ་འབྲེལ་འདྲིས་ཀྱི་སྟོབས་ཤུགས་དང་སེམས་གསོའི་ནུས་པ་ཆེན་པོ་ཡོད་པས་ཁོ་ཚོའི་སེམས་ཁམས་དོག་པོའི་སྒོ་མོ་འབྱེད་སླ་མོ་ཡོད་པ་རེད་ཅེས་བཤད། ཉེ་བའི་ལོ་གཉིས་ཀྱི་ནང་དུ་བྱིས་པ་ཚོའི་བསམ་སྤྱོད་ཐད་ལ་སྔར་མེད་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་ལས་ཚེ་རིང་ཕུན་ཚོགས་ཀྱིས་བཤད་པའི་སྐད་ཆ་ལ་ར་སྤྲོད་ལྡོག་ཏུ་མེད་པ་ཞིག་བྱས་ཡོད།

རོལ་དབྱངས་མཁན་པོ་གྲགས་ཅན་མོ་ཀྲ་ཐེ་ཡིས་རོལ་དབྱངས་ནི་ངའི་རྣམ་ཤེས་ཀྱི་སྐད་ཆ་དང་ངའི་ཚེ་སྲོག་གི་ཆ་ཤས་ཤིག་ཡིན། རོལ་དབྱངས་ཀྱིས་བསྟན་པའི་བརྩེ་དུང་ནི་འཛད་མཐའ་མེད་ཅེས་གསུངས་པ་ལྟར། མ་འོངས་པར་ཚེ་རིང་ཕུན་ཚོགས་ཀྱི་སེམས་སུ་རང་ལ་ད་དུང་རོལ་དབྱངས་ཆེད་ལས་ཀྱི་རྩལ་ནུས་ཆེ་རུ་གཏོང་བའི་གོ་སྐབས་མང་པོ་འཐོབ་པ་དང་། རོལ་དབྱངས་འོད་མདངས་ཀྱིས་མུ་མཐུད་དེ་འབྲོག་ཁུལ་ཕྲུ་གུ་ཚོའི་སེམས་ཀྱི་མེ་ཏོག་སྐྱོང་ཞིང་ཡིད་ཀྱི་མུན་པ་བསལ་བའི་རེ་བ་འཆང་བཞིན་ཡོད་དོ།།

  • ལེ་ཚན་སྔོན་མ།:མི་ཚེ་རི་མོ་དང་མཉམ་དུ་འགྲོགས།། བརྩམས་ཆོས་གངས་ལྗོངས་ཀྱི་སྐྱེས་སུ་བཞག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10