ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2023-06-27
ཞི་ཅིན་ཕིང་ནས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ཀྱི་ཁོངས་མི་དང་མཉམ་སྡེབ་གྲོས་མོལ་གནང་སྐབས། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་གིས་གནང་བའི་ལས་འགན་དང་འགན་འཁྲི་ཏན་ཏིག་ཁུར་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་རྒྱ་ཆེའི་གཞོན་ནུ་ཚོའི་འགན་ཁུར་བསམ་པ་སྐུལ་སློང་གང་ལེགས་བྱེད་དགོས་ཞེས་ནན་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་ནན་ཧའེ་རུ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ཀྱི་ཁོངས་མི་དང་མཉམ་སྡེབ་གྲོས་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་དང་རྒྱལ་ཁབ་བྱ་གཞག་གི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་གིས་གནང་བའི་ལས་འགན་དང་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་ཁུར་ཏེ། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཞོན་ནུ་མི་རབས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་ཡག་པོ་བྱེད་པ་བཅས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་རྒྱུན་མཐུད་འབད་འཐབ་བྱེད་དགོས་པའི་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཁྲུའུ་ཅི་ཚའེ་ཆི་མཉམ་སྡེབ་གྲོས་མོལ་ནང་ཞུགས་ཡོད།
ཞི་ཅིན་ཕིང་གིས་དང་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་གཞོན་ནུའི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འཕོ་འགྱུར་གཏིང་ཟབ་བྱུང་ཞིང་། ཏང་གིས་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་པ་དང་། སྡེ་ཚོགས་ཀྱི་རང་གནས་གཞི་རྩ་དང་ཆབ་སྲིད་ཀྱི་བླ་སྲོག་སྔར་བས་བརྟན་དུ་ཕྱིན་པ། གུང་གཞོན་སྡེ་ཚོགས་ལས་དོན་གྱི་ཁ་ཕྱོགས་དང་ལས་འགན་སྔར་བས་ཁ་གསལ་བྱུང་བ། སྡེ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། སྡེ་ཚོགས་ལས་བྱེད་པའི་བསམ་བློའི་སྤྱོད་ཚུལ་དང་། ལས་ཀའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་བཅས་སྔར་བས་སྐྱོན་བྲལ་དང་ཡར་རྒྱས་བྱུང་བ་བཅས་རྒྱ་ཆེའི་གཞོན་ནུའི་ཁྱུ་ཚོགས་ཁྲོད་རྣམ་པ་གསར་རྐྱང་ཞིག་མངོན་ཡོད། འདས་ཟིན་པའི་ལོ་5ཡི་ནང་། གུང་གཞོན་སྡེ་ཚོགས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ། ཏོག་གསར་རིམས་ནད་འགོག་བཅོས་སོགས་ལས་འགན་གལ་ཆེན་ལ་དམིགས་ཏེ། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་དེའི་ནང་ཧུར་ཐག་ཞུགས་པ་དང་། འགན་འཁྲི་ལྗིད་པོ་འཁུར་ཕོད་པ། སྔོན་ལ་གདོང་མཆོང་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བློ་སྟོབས་དང་འགན་སེམས་མངོན་ཡོད། ཏང་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་དང་རྒྱ་ཆེའི་གཞོན་ནུ་རྣམས་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ལ་རེ་བ་ཆེན་པོ་བཅོལ་ཡོད། ཁྱེད་ཚོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་དང་གཞོན་ནུའི་ལས་དོན་ལ་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་ལྟེ་བའི་ལས་འགན་དེ་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་གྱི་བརྗོད་བྱ་གཙོ་བོ་དང་ཁ་ཕྱོགས་སུ་བརྩི་དགོས་པ་དེ་ནི་ལོ་ངོ་བརྒྱ་ལྷག་ཙམ་རིང་གི་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ཞིག་ཡིན། གུང་གཞོན་སྡེ་ཚོགས་ནི་ཏང་གི་ལས་རོགས་དང་རྗེས་གྲབས་དམག་ཡིན་པའི་ངོས་ནས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ལས་དོན་སྤེལ་དགོས་པ་དང་། ཁ་ཕྱོགས་སྟངས་འཛིན་དང་འབད་འབུངས་ཡར་བརྩོན་བྱེད་དགོས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་རྒྱ་ཆེའི་གཞོན་ནུ་ཚུད་པའི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་དང་། མུ་མཐུད་དཀའ་ཚེགས་ལས་སྒྲོལ་བ་དང་འགག་གཏོར་དཀའ་སེལ་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་གྱི་བརྗོད་དོན་གཙོ་བོར་བརྟན་པོར་དམིགས་ནས་ཆེས་རྒྱ་ཁྱབ་ཀྱི་སྒོ་ནས་གཞོན་ནུ་མཐུན་སྒྲིལ་དང་སྒྲིག་འཛུགས། སྐུལ་སློང་བཅས་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོའི་ལོ་རྒྱུས་ཀྱི་འགན་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་རང་ཡོད་ཅེས་པའི་ལང་ཚོའི་ངར་སེམས་འཕེལ་བ་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ཁྲོད་གདོང་ལེན་རུ་ཁག་དང་འཕྲལ་སྒྲུབ་རུ་ཁག་བྱེད་ཕོད་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞོན་ནུ་ཚོར་ཕུགས་བསམ་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཐུབ་པ་བཅས་བྱུང་ན། ཀྲུང་གོའི་གཞོན་ནུ་ཚོར་གཞི་ནས་སྟོབས་ཤུགས་རྒྱས་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་གཞི་ནས་རེ་བས་ཁེངས་ཐུབ། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་གཞོན་ནུ་རྣམས་ལ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བརྟན་དུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་ཡང་དག་པའི་མི་ཚེའི་དམིགས་ཡུལ་གཏན་འཁེལ་བཅས་བྱས་ནས། མི་ཚེ་ཧྲིལ་པོར་འབད་འཐབ་བྱ་ཆེད་རྨང་རྡོ་གདིང་དགོས། གུང་གཞོན་སྡེ་ཚོགས་ཀྱིས་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་རྣམས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ཐོག སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། ཏང་གི་ཆེད་དུ་སྐྱོན་བྲལ་དང་གསོན་ཤུགས་ལྡན་པའི་མི་སྣ་གསར་པ་ཟམ་མི་ཆད་པར་གསོ་སྐྱོང་བྱེད་དགོས། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོར་ཁ་ཕྱོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དེར་གོ་བ་ནན་ཏན་ལེན་རྒྱུར་ཁྲིད་སྟོན་བྱེད་པ། ཚན་རིག་དང་མཐུན་པའི་དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་བྱེད་མཁས་པོ་བཅས་བྱས་ནས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལ་གོ་བ་ལེན་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། གུང་གཞོན་སྡེ་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ལས་འགན་གལ་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཐོག རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་གིས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། སྦགས་མེད་གོང་འཕེལ། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ལས་དོན་ཁྲོད་རུ་སྣེ་ཁྲིད་མཁན་དང་གསོན་ཤུགས་དམག་བརྩོན་ལེན་བྱས་ན་ལང་ཚོའི་གསོན་ཤུགས་དང་ངར་ཤུགས་མངོན་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དང་བསྟུན་ནས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་གྲི་དངོ་ནང་གཏད་བྱེད་ཕོད་པ་བྱས་ཏེ། གུང་གཞོན་སྡེ་ཚོགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྱོན་ཡོངས་ནས་གུང་གཞོན་སྡེ་ཚོགས་བསྒྱུར་བཅོས་ལ་དོ་དམ་ནན་པོ་དང་གུང་གཞོན་སྡེ་ཚོགས་བཅོས་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ལམ་བུའི་ཐོག་ཡག་པོ་སྐྱོད་པ་བཅས་བྱས་ཏེ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས་པ་དང་། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་གྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་དང་གཞོན་ནུ་མང་ཚོགས་ཀྱི་ལས་ཀའི་ནུས་པ་ཆེ་རུ་གཏོང་དགོས། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ལས་བྱེད་པས་ཏང་གི་ཆེད་དུ་གཞོན་ནུའི་ལས་དོན་སྒྲུབ་པའི་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་ཀྱིས་ཆབ་སྲིད་ཀྱི་ནུས་པ་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག བློ་གཅིག་སེམས་གཅིག་གིས་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་། དངོས་ཡོད་ཀྱི་བྱས་རྗེས་ལ་བརྟེན་ནས་ཏང་གི་ཡིད་ཆེས་ཐོབ་པ་དང་། སྤྱི་ཚོགས་ཀྱི་བརྩི་འཇོག་ཐོབ་པ། གཞོན་ནུའི་བསྔགས་བརྗོད་ཐོབ་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གིས་གཞོན་ནུར་དོ་དམ་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་གི་འགོ་ཁྲིད་འོག་སྡེ་ཚན་ཁག་གིས་གཞོན་ནུ་འཕེལ་རྒྱས་བྱ་གཞག་ལ་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་ལས་ཀའི་རྣམ་པ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གུང་གཞོན་སྡེ་ཚོགས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་གིས་གཞོན་ནུ་གྲོགས་པོ་ཚོའི་གྲོགས་པོ་བློས་ཐུབ་དང་གཞོན་ནུ་མང་ཚོགས་ཀྱི་ལམ་ཁྲིད་པ་བྱེད་དགོས་ཞེས་བསྟན་འདུག
ཚོགས་འདུའི་ཐོག གུང་གཞོན་སྡེ་ཚོགས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་གིས་གུང་གཞོན་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་གུང་ཁྲན་རིང་ལུགས་གུང་གཞོན་སྡེ་ཚོགས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་པའི་གནས་ཚུལ་དང་། དེ་བཞིན་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་འབྲེལ་ཡོད་བསམ་གཞིགས་སྙན་སེང་ཞུས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞུས་ཞའོ་དང་། ཝང་དབྱི། ཧུའུ་པའེ་ཅིང་། ཧུའུ་ཧྲེང་། ཞ་ཕ་ཁེ་ཐི•ཝུའུ་ཧྲོའར། ཡུས་ཅིང་བཅས་ཀྱིས་གཏམ་བཤད་གནང་བ་རེད།
ཧྲི་ཐའེ་ཧྥེང་དང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཁྲེན་ཝུན་ཆིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་བཅས་གླེང་མོལ་ལ་ཞུགས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10