རླབས་ཆེན་གྱི་འབད་འཐབ་ཁྲོད་ལང་ཚོའི་འོད་སྟོང་འཚེར་བར་བྱེད།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2023-06-20

      གཞོན་ནུ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་དང་ལྡན་པར་གྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བྱ་གཞག་གཅིག་རྒྱུད་གཅིག་འཛིན་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དང་། གཞོན་ནུ་འཚར་ལོངས་ཡོང་རྒྱུར་ཐུགས་ཁུར། གཞོན་ནུའི་ལས་དོན་ལ་མཐོང་ཆེན་བྱས་ཏེ། གཞོན་ནུ་འཕེལ་རྒྱས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག། རྒྱ་ཆེ་བའི་གཞོན་ནུ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་བཅངས་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ། འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་ལང་ཚོར་སྐུལ་མ་གཏོང་བ། ཕུགས་བསམ་དང་ལྡན་པ། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་ཐེག་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱས་ཏེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་བཞིན་ཡོད།

      ཧོ་ནན་ལུའོ་དབྱང་ཀྲེང་ཕིང་ཧྥང་རྗེས་ཤུལ་དུ་ཞིབ་འཇུག་པ་ལུའུ་ཡ་ཧུའེ་དང་ལས་རོགས་ཚོས་རྒྱ་ཁྱོན་སྨི་ངོས་གྲུ་མ་ཁྲི25དང་སུའེ་ཐང་དུས་སྐབས་ཀྱི་ཁྲོམ་གཞུང་གལ་ཆེན་ལ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱེད་བཞིན་ཡོད། ཆུང་དུས་ནས་ལོ་རྒྱུས་ལ་དགའ་པོ་བྱེད་པའི་ལུའུ་ཡ་ཧུའེ2009ལོར་པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་དངོས་མང་སྟོན་ཚོགས་སློབ་གླིང་དུ་ཚུད་པ་དང2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནའ་རྫས་རིག་གནས་དངོས་མང་སྟོན་ཚོགས་སློབ་གླིང་གི2009ལོའི་དངོས་གཞིའི་ཚན་ཁག་གི་གུང་གཞོན་ཚོགས་པའི་ཀྲི་པུའི་སློབ་མ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་དེས་ལུའུ་ཡ་ཧུའེ་ཡིས་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་སྒྲུབ་པའི་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། 2018ལོར་པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་དངོས་མང་སྟོན་ཚོགས་སློབ་གླིང་གི་འབུམ་རམས་པའི་སློབ་གནས་ནས་སློབ་མཐར་ཕྱིན་རྗེས། ཁོང་སུའེ་དང་ཐང་རྒྱལ་རབས་ཀྱི་ཁྲང་ཨན་གྲོང་དང་ལིའོ་ཧྲང་ཅིང་གནའ་ཤུལ་སོགས་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་སྔོག་འཚོལ་ལས་གཞི་གལ་ཆེན་རབ་དང་རིམ་པའི་ནང་ཞུགས་མྱོང་ཡོད། 
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བཞིན་ཡོད། ཁོང་གིས་གཞོན་ནུ་ཚོར“སེམས་ལ་ཕུགས་བསམ་ལྡན་གྱུར་ན། གཞི་ནས་རྒྱང་སྐྱོད་ཐུབ་ངེས་ཡིན”ཞེས་དང་། “མི་ཚེའི་ཐབ་ཆི་དེ་དང་པོ་ཉིད་ནས་མ་ནོར་བར་རྒྱག་དགོས”ཞེས་མངགས་བཅོལ་གནང་བ་དང་། ཁོང་གིས་གཞོན་ནུ་ཚོར“ལང་ཚོ་ནི་དཀའ་སྤྱད་སྙིང་རུས་བྱས་པ་ལས་ངོ་མཚར་ལྡན་པར་གྱུར་བ་དང་། མི་ཚེ་ནི་འབད་འཐབ་བྱས་པ་ལས་དོན་དང་ལྡན་པར་གྱུར” “འབད་འཐབ་བྱེད་པ་ནི་ལང་ཚོའི་བཀྲག་མདངས་འཚེར་ཤོས་ཀྱི་གཞི་མ་ཡིན”ཞེས་དང་། ཁོང་གིས་གཞོན་ནུ་ཚོར“དཀའ་སྡུག་མྱོང་བའི”སྙིང་སྟོབས་དང“མི་སྒེར་གྱི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་མཉམ་འདྲེས་བྱེད་དགོས”ཞེས་སྐུལ་མ་གནང་ཡོད།
     དུས་རབས་ཀྱིས་ན་གཞོན་སྐྱེད་སྲིང་བྱས་ཤིང་། བསྐལ་བཟང་གིས་གཞོན་ནུར་དངོས་གྲུབ་བསྩལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་ལྕག་འོག། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོར་འགན་འཁྲི་ལྕི་པོ་ཡོད་པ་དང་རྒྱལ་ཁབ་དང་མི་དམངས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་ལང་ཚོའི་འོད་ཟེར་རབ་ཏུ་འཚེར་བཞིན་ཡོད། 
    “གནམ་གྱི་ཕོ་བྲང”དང་། “ཀླུ་མོ།” “ལྷ་མིག” “ཝུའུ་ཁུང”བཅས་རྟགས་ཅན་གྱི་ཚན་རྩལ་འགག་གཏོར་གྱི་ལས་འགན་གལ་ཆེན་རེ་རེའི་ཁྲོད། གཞོན་ནུ་ཚོས་ལས་འགན་ལྗིད་མོ་འཁུར་བ་དང་འགན་འཁྲི་ཆེན་པོ་འཁུར་དགོས་ཀྱི་ཡོད། ནུབ་རླངས་ཤར་འདྲེན་དང་། ལྷོ་ཆུ་བྱང་འདྲེན། ཀང་ཀྲུའུ་ཨའོ་ཟམ་ཆེན། “ཧྭ་ལུང་དང་པོ་རྟགས་ཅན”གྱི་ཉིང་རྡུལ་གློག་གི་སྡེ་ཚན་དང་པོ། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་རེ་རེ། “གཞོན་ནུ་འཕྲལ་སྒྲུབ་རུ་ཁག” “གཞོན་ནུ་འགག་གཏོར་ཚོ་ཆུང”བཅས་ཀྱི་དར་ཆ་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཏོག་གསར་གློ་ཚད་གློ་བུར་དུ་ཐོན་ནས་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་ཁྲི50ལྷག་དང་གཞོན་ནུ་ཁྲི900ལྷག་གིས་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཡོད། དབུལ་སྒྲོལ་འགག་གཏོར་དམག་འཐབ་བྱ་ཡུལ་དུ་གཞོན་ནུ་ལས་བྱེད་པ་ཁྲི10ལྷག་གིས་དབུལ་ཕོངས་གྲོང་ཚོར་ཧྲུའུ་ཅི་དང་པོའི་འགན་འཁུར་བ། “སློབ་ཆེན་ཐོན་པའི་གྲོང་དཔོན”ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་གྲོང་གསེབ་དབུལ་སྒྲོལ་ཐུབ་པ་དང་རྣམ་པ་གསར་པ་གཏོད་རོགས་བྱས་ཡོད། དོན་དངོས་དེ་དག་ལས་ཀྲུང་གོའི་གཞོན་ནུ་ཚོས་དཀའ་ངལ་འཕྲད་སྐབས་ཁ་གཏད་གཅོག་ཐུབ་པ་དང་། འགག་རྩའི་དུས་སུ་ནུས་པ་ཐོན་པ། ཉེན་ཁ་དང་འགྲན་སློང་སེལ་ཐུབ་པ་བཅས་ར་སྤྲོད་བྱས་ཡོད། 
     གཞོན་ནུ་འཕེལ་རྒྱས་འགྲོ་བར་དེ་བས་སྲ་བརྟན་ངང་འགན་ལེན་བྱ་ཆེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་གཞོན་ནུ་འཕེལ་རྒྱས་ཀྱི་འཆར་འགོད་ཐོག་མ་དེ་བཏོན་པ་དང་། ཏང་གི་ལོ་རྒྱུས་ཐོག་ཏང་ཀྲུང་དབྱང་གི་མིང་ཐོག་ནས་ཁྱབ་བསྒྲགས་བྱས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཡིག་ཆ་དང་གུང་གཞོན་ཚོགས་པ་བསྒྱུར་བཅོས་བཀོད་སྒྲིག་བྱས་པ་སོགས་དཔར་འགྲེམས་བྱས་པ་ལས་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་གཞོན་ནུ་ཚོར་རེ་བ་ཆེན་པོ་བཅོལ་བ་དང་། རྒྱུན་ཆད་མེད་པར་གཞོན་ནུ་ཚོས་ཕུགས་བསམ་དོན་གཉེར་དང་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་པའི་བྱ་ཐབས་ཏན་ཏིག་ལ་བསྒྱུར་ཡོད། གཞོན་ནུ་འཕེལ་རྒྱས་འགྲོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་བཅའ་ཁྲིམས་བཅུ་ལྷག་ཙམ་བཏོན་པ་དང་། གྲོང་ཁྱེར187ལ་གཞོན་ནུ་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱས་པ་དེས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཕྱེད་ཀ་ཡན་ཟིན་ཡོད། ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་རིམ་པ158རྫོང་རིམ་པ530བཅས་ཚང་མར་ས་ཁུལ་དེ་གའི་གཞོན་ནུ་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད་བཟོས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་གཞོན་ནུའི་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བརྒྱ་ཆ100ཡོངས་སུ་ཁྱབ་པར་བྱས་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།