ཁྲལ་འཇལ་མཁན་འདི་རིགས་ལ་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་མ་རེད།

    མི་དམངས་དྲ་བ།    2023-06-15

 ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཁག་བཞིས《2023ལོར་མ་གནས་དམའ་རུ་གཏོང་བའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་གི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས། 2023ལོའི་ལོ་མཇུག་གོང་། ཟླ་རེའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་10མན་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་མི་བསྡུ་རྒྱུ་བཏོན་ཡོད།
     《བརྡ་ཐོའི》ནང་བསྟན་དོན། 2023ལོར་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བའི་ལས་དོན་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུའི་ཐོག་ཕྱོགས་8ཐད་ཀྱི་ལས་འགན་22གཙོ་གནད་སྒྲིག་འཛུགས་དང་དོན་འཁྱོལ་ཡག་པོ་བྱ་རྒྱུ་རེད། དེའི་ནང་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། 
     གཅིག་ནི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། 2023ལོའི་ལོ་མཇུག་གོང་། ཟླ་རེའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་10མན་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་མི་བསྡུ་རྒྱུ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་བསྡུ་ཚད་3%སྤྱད་པའི་ཁྲལ་འཇལ་དགོས་པའི་བྲིན་ཚོང་ཡོང་འབབ་ཀྱི་བརྒྱ་ཆ་1ཉུང་དུ་བཏང་ནས་གནས་ཐང་འཕར་ཁྲལ་བསྡུ་རྒྱུ། ཐོན་སྐྱེད་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འཇལ་མཁན་སོ་སོར་གནས་ཐང་འཕར་ཁྲལ་5%དང་10%བསྡོམས་རྩིས་བྱས་ནས་འཕྲི་གཅོག་བྱ་རྒྱུ། 2024ལོའི་ལོ་མཇུག་གོང་། ཁེ་སྤོགས་ཆུང་བའི་ཁེ་ལས་ཆུང་གྲས་ལ་ལོ་རེར་འཇལ་དགོས་པའི་དཔྱ་ཁྲལ་གྱི་འབབ་གྲངས་སྒོར་ཁྲི་100ལས་མི་བརྒལ་བའི་ཆ་དེ་25%འཐེན་ནས་འཇལ་དགོས་པའི་དཔྱ་ཁྲལ་གྱི་འབབ་གྲངས་སུ་བརྩི་རྒྱུ་དང་། ཁྲལ་ཚད་20%ལྟར་ཁེ་ལས་ཀྱི་འབབ་ཁྲལ་འཇལ་རྒྱུ། སྒེར་གཉེར་བཟོ་ཚོང་ཐེམ་དུད་ཀྱི་ལོ་རེའི་ཁྲལ་འཇལ་དགོས་རིགས་ཀྱི་འབབ་གྲངས་སྒོར་ཁྲི་100ལས་མི་བརྒལ་བའི་ཆ་དེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་མི་སྒེར་གྱི་ཐོབ་ཁྲལ་ཕྱེད་ཀ་གཅོག་རྒྱུ། དངོས་ཟོག་སྐྱེལ་འདྲེན་ཁེ་ལས་ཀྱི་ཚོང་ཟོག་འབོར་ཆེན་མཛོད་ཉར་སྒྲིག་བཀོད་ལ་མཁོ་བའི་ས་ཆའི་ཁྲལ་ཕྱེད་ཀ་ལས་མི་བསྡུ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ་སྲིད་ཇུས་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་གཅོག་པའམ་མེད་པར་གཏོང་བའི་སྲིད་ཇུས་2027ལོའི་ལོ་མཇུག་བར་རྒྱུན་མཐུད་ངང་ལག་ལེན་བསྟར་རྒྱུ།
     གཉིས་ནི་གཙོ་གནད་ཁྱབ་ཁོངས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ཁྲལ་བསྡུ་དང་། འགན་བཅོལ་ཁ་གསབ་ཐོག་མ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་མུ་ཕྲེང་གཙོ་བོ་སོགས་ཀྱི་ཁྱབ་ཁོངས་ལ། དམིགས་སའི་རང་བཞིན་ལྡན་པའི་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་འདོན་པ་དང་། ཆ་རྐྱེན་དང་མཐུན་པའི་ལས་རིགས་དང་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱི་དཔྱ་ཁྲལ་མ་འཇལ་གོང་སྣོན་རྩིས་འཕྲི་འཐེན་བསྡུར་ཚད་75%ནས་100%བར་མཐོ་རུ་གཏོང་བའི་སྲིད་ཇུས་དེ། ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཏུ་བརྩིས་ནས་ཡུན་རིང་ལག་བསྟར་བྱ་རྒྱུ་རེད།
     གསུམ་ནི་ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་སྤེལ་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ལམ་ལུགས་དུས་ཐོག་ཏུ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་བཅོས་སྐྱོང་རིམ་བཞིན་ཁྲིམས་སྐྱོང་ཅན་དང་རྒྱུན་རྣམ་ཅན་གྱི་ལམ་བུའི་ནང་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་གཞུང་སྡེ་ཁག་དང་དེ་བཞིན་ཁོངས་གཏོགས་ཚན་པ་དང་། སྤྱི་སྤྱོད་བྱ་གཞག དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གྲོན་བསྡུ་ལ་དམིགས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གྲོན་བསྡུའི་བཅོས་སྒྲིག་རྒྱུན་མཐུད་ངང་སྤེལ་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་རང་འགུལ་ངང་གཉེར་སྐྱོང་ཐད་དཀའ་ངལ་ཡོད་པའི་ཁེ་ལས་དང་། ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་གྲོན་བསྡུ་གཅོག་པ་དང་། དམའ་རུ་གཏོང་བ། མེད་པར་བཟོ་བ་བཅས་བྱ་རྒྱུར་མུ་མཐུད་ཁྲིད་སྟོན་བྱེད་དགོས།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི«བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད»པར་སྐྲུན་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དངུལ་ཁང་གིས་དོན་འདི་ཁྱབ་བསྒྲགས་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།