བུ་མོ་ཞིག་ལ་བསྔགས་པ།

དྲང་མདའ།        2023-06-14

ལུས་ཀྱི་ལང་ཚོའི་མཛེས་སྡུག་དེ། །

རྨ་བྱ་སྔོན་མོའི་སྒྲོ་གཡབ་བཞིན། །

ད་དུང་ཞལ་རས་གོར་མོ་གན། །

གསར་དུ་བཞད་པའི་མེ་ཏོག་ལྟར། །

སྙིང་ལ་བབས་པའི་ཆུ་སྒྲོས་ཀྱང་། །

བྱུ་རུ་དམར་པོ་ལྟ་བུ་འོ། །

ལུས་ཀྱི་བྱ་སྤྱོད་གཙང་མ་བ། །

འཆི་མེད་བུ་མོ་ཇི་ལྟ་བུ། །

ཐོད་པའི་མིག་ཟུང་རི་མོ་དེ། །

དགུང་གི་འཇའ་ཚོན་ཉིད་དང་མཐུན། །

འགྲམ་པ་ཟུང་གི་དམར་ཐིག་ཀྱང་། །

ཀུ་ཤུ་གསར་པའི་དམར་དང་མཚུངས། །

མགོ་ཡི་སྐྲ་ལོ་ནག་སྨུག་གན། །

ཁྱུང་གི་མིག་དང་ཡང་དག་མཚུངས། །

སྐེད་པ་ཕྲ་མོའི་མཛེས་སྡུག་དཔལ། །

མཚོ་ནས་བླངས་པའི་པད་མར་མཉམ། །

ཞལ་རས་དཀར་ལ་དམར་བ་དེས། །

དབྱངས་ཅན་ལྷ་ཞལ་ཡང་དག་གསལ། །

སྙན་འཇེབས་སོ་སྒོའི་རོལ་མོ་དེས། །

དྲི་ཟའི་གླུ་དབྱངས་ངེས་པར་གསལ། །

ཡལ་མེད་སེམས་ཀྱི་ཕྱི་ཐག་དེས། །

རྨ་ཆུའི་བཞུར་རྒྱུན་རབ་ཏུ་གསལ། །

ནག་ནོག་དབེན་པའི་ཞལ་གྱི་གདོང་། །

ཉི་འོད་ཕོག་པའི་གངས་ཀྱི་ཟླ། །

ཕར་འཁོར་རྒྱབ་གཟུགས་རི་མོ་ཡང་། །

གསར་སྐྱེས་སྨྱུག་མའི་གཉེན་པོ་འོ། །

ཚུར་འཁོར་མདུན་གྱི་ལང་ཚོའི་དཔལ། །

འཆི་མེད་ལྷ་མོའི་དགྲ་ཟླ་འོ། །

གང་ཞལ་འཛུམ་པའི་ཟོལ་མཐོང་དུས། །

མཁའ་ཡི་ཟླ་དང་སོ་སོར་རྟོགས། །

གཤིས་འཇམ་ཡིད་ལ་བབ་པ་ཡང་། །

དགུང་འགྲོ་མ་དང་འགལ་བ་ཙམ། །

ལང་ཚོ་གསར་པའི་དཔལ་དེ་ཡང་། །

ཆུ་མིག་གསར་དུ་བཞུར་དང་འདྲ། །

མཛེས་ཤིང་སྡུག་པའི་ལུས་ཕུང་དེ། །

སེང་ལྕམ་བུ་མོའི་ལུས་སུ་ལྟ། །

ཚེམས་ཕྲེང་སུམ་ཅུའི་ཁ་དོག་དེ། །

དུང་གི་ཟླ་བའི་རང་བཞིན་བཅས། །

ཨེ་མ་ལུས་ཀྱི་ཕྱི་ནང་ཡོངས། །

དྲི་མེད་སྤྲིན་དཀར་མཛེས་པ་བསླུ། །

མི་འབྲལ་ཚིག་གི་དམ་བཅའ་ཉིད། །

མི་འགྱུར་བྲག་རྡོའི་རིགས་མཐུན་ཉིད། །

ཕན་ཚུན་སེམས་པའི་འདང་བརྩེ་ཆེ། །

མ་བུའི་བྱམས་བརྩེའི་རྗེས་སུ་འགྲོ། །



  • ལེ་ཚན་སྔོན་མ།:མཚོ་སྔོན་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།