སྙིང་པོ་སྟོང་པའི་སྒྱུ་འཕྲུལ་ཚོགས།

ཁྲག་གདོང་།        2023-06-07

རྟག་སྟོང་སྒྱུ་མའི་གྲོང་ནས་བདེ་སྡུག་ཡིད་ཀྱི་སྣང་བ་མཐོང་། །

ཞེ་འདྲིས་ལས་ཀྱིས་ཁྱེར་ནས་བར་ཐག་ཚིག་གི་རི་མོ་མངོན། །

སྤྲོས་པའི་མེ་ལོང་ནང་དུ་ཆོ་འཕྲུལ་སྣ་མང་སེམས་ཀྱིས་རུམ། །

མི་རྟག་ཆོས་ཀྱི་ངོ་བོ་རང་སྙིང་གཏིང་དུ་དལ་གྱིས་འཁྲུངས། །

མ་བཅོས་འཚོ་བ་རིང་ཐུང་བརྩེ་བའི་ངང་ནས་ཉེ་དུས་ཤིག །

རྒྱུས་ཡོད་རྒྱུས་མེད་ཅི་ཆ་སྙིང་གིས་རུམ་པ་ལས་ཀྱི་འགྲོས། །

ཐོལ་བྱུང་ཚོར་བའི་སྙིང་པོ་ཉིན་ཞག་ཟུང་དུ་ལང་ལོང་རྒྱུད། །

སྲིད་པའི་སྟངས་སྟབས་དེ་ལས་གློ་བུར་ཆོས་ཀྱི་དེ་ཉིད་རེག །

སྒྱུ་འཕྲུལ་དུས་ཀྱི་ལམ་ནས་དཔག་མེད་ངག་གི་བརྗོད་པ་ནི། །

མཐའ་ཡས་ཤེས་བྱ་ཚོགས་ལ་ངེས་པའི་ཤེས་པ་རབ་ཏུ་ཉུང་། །

བརྗོད་པ་ཡིད་ཀྱི་རི་མོ་མངོན་འགྱུར་ལམ་ནས་མཐོང་བ་ལ། །

ལྷུག་ལྷུག་ཚོར་བ་ཡོངས་ལ་ལས་ཀྱི་དར་སྐུད་རིང་པོར་སྦྲེལ། །

འཚོ་བ་ཐོལ་གྱིས་ཤར་ཏེ་ལན་ཆགས་ཤིག་གི་མིག་ལམ་དུ། །

འདང་ཞེན་རབ་ཏུ་གསལ་ལ་ཕྱི་རོལ་ཡུལ་གྱི་བདེ་སྡུག་ཀུན། །

རྣམ་དག་བརྩེ་བའི་སྤྱན་རས་སླར་ཡང་འཕྲོ་ལ་ཤིན་ཏུ་མོས། །

ལས་ཀྱི་བཀོད་པ་འོག་ནས་འཚོ་བའི་ངང་ཚུལ་ཉེ་རིང་བྲལ། །

སྣ་ཚོགས་སེམས་ཀྱི་མེ་ལོང་ངག་གི་ལམ་ནས་གྲོལ་གྱུར་ཀྱང་། །

བརྩེ་བའི་འདང་ཞེན་རིང་མོ་ཕན་ཚུན་ལན་རེ་སྦྲེལ་བ་འདིས། །

ཞེན་ཆགས་གཏིང་ནས་སྨིན་པ་ལོ་ཟླའི་སྣང་བ་མངོན་པ་ལས། །

ནང་སེམས་ལྷོད་ལ་བཞག་སྟེ་སྲིད་པའི་དུས་ཀྱི་བདེ་སྣང་ཞིག །

ཡིད་བརྙན་དབུས་ཀྱི་མཐོང་བ་ལས་ལ་བཅོལ་ན་ཚིག་འདི་ནི། །

བརྩེ་བ་གཟུགས་སུ་གྲུབ་ལ་མཐོང་བ་མོད་ལ་མཛེས་པ་ཞིག །

སྙིང་ནས་རྡོལ་བའི་ཡིག་འབྲུ་ཞེན་པས་རུམ་ལ་བརྩེ་བས་བྲིས། །

སྙིང་པོར་འཚོ་བ་བསམས་ནས་ཉིན་མཚན་ཟུང་ལ་ཧུར་ཏེ་བྲིས། །

སྲིད་པའི་འདུ་འབྲལ་ཁྲོད་ནས་ངེས་པ་དོན་གྱི་དགའ་སྐྱོ་ནི། །

ཡིད་ལ་མངོན་དུ་འཕགས་པ་རེ་ཟུང་ཙམ་ཞིག་མ་ཡིན་པ། །

སྤྲོས་པའི་མེ་ཏོག་དེ་དག་བར་ཐག་དབེན་ལ་བཞད་པ་འདི། །

ལས་རླུང་སླར་ཡང་བསིལ་ཏེ་ཞེ་ཡི་སྣང་བ་བདག་ལ་འདྲེན། །

སྒྱུ་མའི་ཆོ་འཕྲུལ་ཀློང་ནས་སྒྱུ་མའི་ལས་ཀྱི་ཚོར་བརྙན་དེ། །

སྒྱུ་མའི་དུས་ལ་བབས་པའི་སྒྱུ་མ་འདྲ་བའི་ཞེན་ཆགས་ལ། །

སྒྱུ་མའི་སྤྲོ་གར་རིང་ཐུང་སྒྱུ་མའི་ཚོགས་དང་འདྲེས་པ་ནི། །

སྒྱུ་མའི་འཇིག་རྟེན་འདི་ནས་སྒྱུ་མའི་ཆོས་ལ་ཡང་སྙིང་བྲལ། །



  • ལེ་ཚན་སྔོན་མ།:བརྗོད་མི་ཚར་བའི་ཁྱོད།
  • ལེ་ཚན་རྗེས་མ།:ང་འཁོར་བའི་གྲོང་གི་གླུ་བ་ཡིན།