སྙན་ངག་པའི་དཔྱིད་ཀ།

རྫ་ཤུལ་བློ་བཟང་།        2023-05-29

ཚོར་བའི་ཉ་མོ་འཁྱུག་པའི་རོལ་རྩེད་ལ། །

ལུས་ཀྱི་དགའ་སྐྱོའི་ཟློས་གར་གྲངས་མེད་ཅིག །

སེམས་ཀྱི་བདེ་སྡུག་གླུ་རུ་བླངས་གྱུར་ན། །

རྗེ་བཙུན་མི་ལའི་མགུར་དང་འདྲ་བ་ཡོད། །

ཕྱི་ན་སྨུག་སྤྲིན་སྐྱ་བོས་འཇིག་རྟེན་བསྒྲིབས། །

རྡུལ་ཕྲན་ཕྲ་མོ་རེ་རེ་དུང་བས་བསླས། །

དེ་རིང་ཚེས་པའི་དཔྱིད་ཀྱི་མེ་ཏོག་ལ། །

སྤྲོ་བའི་སེམས་འདུན་ཆ་གཅིག་འཁྲིས་སུ་སྤུངས། །

ཡིད་ཀྱི་མེ་ལོང་སྦྲང་ཆར་ཟིལ་མས་བརླན། །

ལས་ཀྱི་རི་མོ་དཔྲལ་བའི་ཐོག་ཏུ་བརྐོས། །

ང་ནི་མཚན་མོའི་ཁྲོད་ཀྱི་གཞས་པ་ཞིག །

ཚོར་བ་དྭངས་གསལ་མཚོ་མོ་འདྲ་བ་བཤམས། །

ཆུང་ཆུང་བུ་ག་འདྲ་བའི་གཞིས་ཁང་ནང་། །

དབྱངས་ཀྱི་ལྷ་ཚོགས་འཁྲུངས་པའི་འཇའ་དང་འོད། །

དཔྱིད་ཀྱི་སྐྱི་སེར་རླུང་བུ་ལྡང་ཙམ་གྱིས། །

ཞི་བའི་དབྱིངས་ནས་མ་བཅོས་འཛུམ་མདངས་གྲོལ། །

དབེན་པའི་དགའ་ཚལ་རྫོགས་པའི་འདུ་ར་ནས། །

བསེ་རུ་ལྟ་བུའི་རི་ཁྲོད་རྣལ་འབྱོར་པས། །

མཉམ་བཞག་ཡེ་ཤེས་གདངས་ལ་ཞུགས་པའི་ཚེ། །

དབྱངས་ཀྱི་རྒྱུད་མངས་སོར་མོས་དལ་གྱིས་བསྣུན། །

ད་ནི་ཕྱི་རོལ་སྦྲང་ཆར་ཉི་ལི་ལི། །

ཁུ་སིམ་སྨུག་པའི་ཁྲོད་ཀྱི་ང་དང་ཁྱོད། །

ཚོར་བའི་སྒོ་ཆེན་དལ་གྱིས་ཕྱེས་པ་ན། །

སྙན་ཚིག་པི་ཝང་འདྲ་བ་སེམས་ནས་རྡོལ། །

དོ་ནུབ་སྒེའུ་ཁུང་ནང་དུ་ཅི་ཡང་འཆར། །

ལྷ་ཡིས་བསྐོས་པའི་ཚེ་ཡི་སྲུང་མ་དང་། །

དྲན་པའི་ནང་དུ་བརྩེ་བའི་བདག་མོ་བཅས། །

སྣང་བའི་ངོས་སུ་མ་བྲིས་གསལ་པོར་འབུར། །

ལྷ་ཡི་ཞིང་ལ་མཛེས་པའི་གུར་ཆུང་ཕུབ།།

མེ་ཏོག་དག་གིས་བྲོ་གར་རྩེན་པ་ན། །

བདག་བློ་མཛེས་པའི་ཡུལ་གྱི་ཆ་ཤས་ཙམ། །

བསྒྲུན་པར་ནུས་པའི་རྟོག་པ་ཕྲ་མོ་སྐྱེས། །

རི་དང་གཙང་པོ་ཁ་དོག་ཇེ་གསལ་སོང་། །

བྱ་དང་བྱེའུ་སྐྱིད་པའི་དཔལ་ལ་རོལ། །

དབྱར་གྱི་རྨི་ལམ་ཐོག་མ་རྙེད་པའི་དུས། །

དཔྱིད་ཀྱི་དུས་འདི་ཚེ་ཡི་ཕྱེད་ཀ་ཡིན། །

དེ་རིང་སྤྲོས་མེད་སེམས་ཀྱི་རྣམ་འགྱུར་མཐོང་། །

སྲོག་གི་དབུགས་རྒྱུན་འགུལ་བའི་བརྡ་ཡང་ཐོས། །

ལུས་ཀྱི་བ་སྤུ་དག་ཀྱང་གྱེན་དུ་ལངས། །

ནང་གི་དེ་ཉིད་དཔྱིད་ཀྱི་དུས་ལ་སྦྱར། །


  • ལེ་ཚན་སྔོན་མ།:དྲན་སྙིང་སྒུལ་བའི་ཉི་མ་ལྷ་ས།
  • ལེ་ཚན་རྗེས་མ།:ཟེགས་མ་དང་ན་ཟུག།