ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས།

ཨོ་རྒྱན་གྱིས་བསྒྱུར།        2023-05-25

   ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྐབས། ཏང་གི་རང་ངོས་གསར་བརྗེར་སྐུལ་སྤེལ་གཏོང་བའི་ཁྲོད་ཀྱི་རྩིས་བཤེར་གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱ་དགོས། དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏང་དགོས་ཞེས་བསྟན།

   ལི་ཆང་དང་ལི་ཞི་ཚོགས་འདུར་ཞུགས།

   སྤྱི་ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།  ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རྩིས་བཤེར་གྱིས་འགན་འཁྲི་གལ་ཆེན་འཁུར་དགོས་པ་དང་། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་གཙོ་བོར་དམིགས་ཏེ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཁྲོད་རྩིས་བཤེར་གྱི་དམིགས་བསལ་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས་པའི་ནན་གསུང་གནང་བ་རེད། སྐབས་གསར་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་ཁྱོན་ཡོངས་ཀྱི་རང་བཞིན་དང་། ཕུགས་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་དམིགས་ཏེ་རྩིས་བཤེར་ཁྱབ་ཁོངས་ཀྱི་འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ནུས་ལྡན་དང་ནུས་ལྡན་གྱི་རྩིས་བཤེར་ལྟ་སྐུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་འགན་ལེན་བྱ་དགོས།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཞི་ཚོགས་འདུར་ཞུགས་པ་རེད།

     ཚོགས་འདུའི་ཐོག2022ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་སྒོ་གཞན་དག་སྐོར་གྱི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་རྩིས་བཤེར་སྙན་སེང་དང་དེ་བཞིན་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་བསམ་འཆར་གྱི་སྙན་སེང་སོགས་ལ་གསན་འཇོག་བྱས་པ་རེད།

   ཚོགས་འདུར་ནན་གྱིས་བསྟན་དོན། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་སྒྲིག་གཞིའི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་འཛུགས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རྩིས་བཤེར་ལམ་བུ་གསར་པ་ཞིག་བཏོད་པར་བརྟེན་རྩིས་བཤེར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གཅིག་ནས་རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་གནང་བ་རྒྱུན་ཆད་མེད་པར་ཞིབ་ཕྲ་དང་། དངོས་གནས། ལམ་ལུགས་ཅན་བཅས་སུ་འགྱུར་ཡོད། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་ཡོད། གསུམ་ནི་རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་དེ་བས་ཆེ་བ་དང་། མཐུན་འཕྲོད་རང་བཞིན་དེ་བས་ཆེ་བ། དམིགས་བསལ་གྱི་ལྟ་སྐུལ་ནུས་པ་དེ་བས་མངོན་པ་བཅས་རེད། བཞི་ནི་རྩིས་བཤེར་དག་ཐེར་གྱི་སྤྱིའི་རྣམ་པ་རགས་ཙམ་ཆགས་ཡོད། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་རྒྱུན་མཐུད་དང་མཉམ་ལས་སྔར་བས་བདེ་བླག་དང་། དབང་གྲགས་ལྡན་པ། ལས་ཕྱོད་ཆེ་བ་བཅས་བྱུང་ཡོད།

     ཚོགས་འདུར་བསྟན་དོན། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི་གཅིག་སྡུད་གཅིག་གྱུར་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་པ་དང་ལས་ཕྱོད་ཆེ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་བཙུགས་ནས་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱ་རྒྱུ་དེ་རེད། རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་སྟངས་འཛིན་འཕྱུགས་མེད་དང་། གོ་བ་གཏིང་ཟབ་ལེན་པ། དོན་འཁྱོལ་ཡག་པོ་བཅས་བྱ་དགོས། སྤྱི་པའི་མ་དངུལ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར། རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་བྱེད་པའི་ས་གནས་དང་། སྡེ་ཁག། སྡེ་ཚན་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་བྱེད་དབང་ཆད་ལུས་མེད་པ་དང་དམིགས་བསལ་གཅིག་ཀྱང་མེད་པར་བྱས་ནས་རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་ཞིག་ཆགས་པར་བྱ་དགོས། བཅའ་ཁྲིམས་ལྟར་རྩིས་བཤེར་བྱེད་པ་རྒྱུན་འཁྱོངས་དང་། ཞིབ་འཇུག་ཅན་གྱི་རྩིས་བཤེར་དངོས་གཉེར་བྱས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་བཏང་སྟེ། དཔལ་འབྱོར་ལྟ་སྐུལ་གྱི“དམིགས་བསལ་དམག་དཔུང”འཛུགས་སྐྱོང་བྱ་དགོས། ལྟ་སྐུལ་གཞན་དག་དང་འབྲེལ་མཐུད་མཉམ་ལས་ལེགས་པོ་བྱས་ནས་ལྟ་སྐུལ་གྱི་འགྲིལ་ཤུགས་ཆགས་པར་བྱ་དགོས།

     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ད་ལོའི་རྩིས་བཤེར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། གནད་དོན་གལ་ཆེན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་པ་དང་། ལས་གཞི་གལ་ཆེན་དང་། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་དོན་འཁྱོལ་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས། ལས་ཞུགས་བརྟན་པོ་དང་ཟོག་གོང་བརྟན་པོ་ཡོང་རྒྱུར་དམིགས་ཏེ་རྩ་ཆེའི་ནོར་སྲིད་ཀྱི་མ་དངུལ་ལ་མུ་མཐུད་དོ་སྣང་བྱས་ནས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱ་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་དང་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས“བློ་བརྟན་འགྱུར་མེད་གཉིས”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏང་དགོས། དམངས་འཚོའི་གཞི་ཐིག་བརྟན་པོ་བཟོ་རྒྱུར་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ཀྱི་ཁེ་ཕན་དངོས་ཡིན་པ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། དམངས་ཕན་དམངས་ཕྱུག་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་དམིགས་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་དང་། དངུལ་རྩ། ས་ཁང་བདག་ཁོངས། འབྲུ་རིགས། ནུས་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་ཆེན་པོ་བྱས་ཏེ། རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་དམ་པོར་བསྲུང་དགོས། དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་དམིགས་པ་དང་། རུལ་སུངས་ལ་ངོ་རྒོལ་དང་ཟང་ཟིང་བཅོས་སྐྱོང་ཐད་ཀྱི་རྩིས་བཤེར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། དབང་ཆ་གཅིག་སྡུད་དང་། མ་དངུལ་འདུས་ཆེ། ཐོན་ཁུངས་ཕུན་སུམ་ཚོགས་པོ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི“གྲོག་མའི་རུལ་སུངས”ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བཅས་བྱ་དགོས།

     ཚོགས་འདུར་ནན་གྱིས་བསྟན་དོན། རྩིས་བཤེར་དག་ཐེར་བྱེད་པའི“རྩོམ་ཡིག་ཕྱེད་ཀ་ཙམ”དང་རྩིས་བཤེར་གྱིས་གནད་དོན་གསལ་སྟོན་བྱེད་པའི“རྩོམ་ཡིག་ཕྱེད་ཀ་ཙམ”ཡང་གལ་ཆེན་ཡིན་པས་ངེས་པར་དུ་གཅིག་གྱུར་ཐོག་སྐུལ་འདེད་གཏང་དགོས། རྩིས་བཤེར་དག་ཐེར་ལ་སྐུལ་འདེད་གཏང་རྒྱུ་དེ་རྒྱུན་གཏན་ལྟ་སྐུལ་གྱི་གལ་ཆེའི་དམ་འཛིན་བྱ་གཞིར་བརྩིས་ནས་རྩིས་བཤེར་བྱས་འབྲས་དེ་ལས་བྱེད་པར་དཔྱད་ཞིབ་དང་། བསྐོ་འཐེན། བྱ་དགའ་སྤྲོད་པ་བཅས་ཀྱི་གལ་ཆེའི་དཔྱད་གཞིར་འཛིན་དགོས། དག་ཐེར་ཡོ་བསྲང་བྱེད་ཤུགས་མི་འདང་བ་དང་། ཁྲལ་སེལ་དག་བཅོས། དག་ཐེར་ཡོ་བསྲང་རྫུན་མ་བཅས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱ་དགོས།

     ཚོགས་འདུར་བསྟན་དོན། ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ40འཁོར་བའི་ལོ་ཞིག་རེད། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལ་རེ་བ་ཆེན་པོ་བཅོལ་ཡོད་པས་རྩིས་བཤེར་གྱི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་། ལས་རིགས་ཀྱི་སྙིང་སྟོབས་གཏོད་པ། ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཁྲིམས་བཤེར་ནན་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྩིས་བཤེར་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་བྱས་ནས་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།

     ཚོགས་འདུར་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་རྩིས་བཤེར་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས། འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་དངོས་སུ་དོ་དམ་བྱས་ཏེ། རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

     ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཕེབས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།


  • ལེ་ཚན་སྔོན་མ།:ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།