སེམས་བྱུང་གི་ངག་འགྲོས།

གྱིན་འདའ་བ།        2023-05-22

ཁོར་ཟུག་གྲང་ངད་གཙེས་པའི་ལྷིང་འཇགས་ནས།།

རི་སུལ་གངས་ཀྱིས་མནར་བའི་དབེན་ཁྲོད་ནས།།

བྱང་རླུང་ཙག་གིས་ཐལ་ལྕག་བཞུས་ན་ཡང་།།

སེམས་ཀྱི་གནས་མལ་འདི་ལ་དྲོད་ཅིག་ཡོད།།

ཁོར་ཟུག་ལིངས་སུ་ཆུད་པའི་གཡོ་འོག་ནས།།

མི་སེམས་རྔམ་པས་བརླམས་པའི་དུས་རབས་ནས།།

ཡིད་སྲུབས་ལྟེམ་གྱིས་རྣམ་རྟོག་བསྒུལ་ན་ཡང་།།

ཆོག་ཤེས་འཚོ་བ་འདི་ལ་ལྷོད་ཅིག་ཡོད།།

ཟག་བཅས་འདོད་ཡོན་རླབས་ཀྱིས་བསླུ་འོག་ནས།།

མི་རྟག་སྐྱེ་འཆི་བྲལ་བའི་མཆད་པ་ནས།།

སྣང་ཞེན་རྟག་འཛིན་ལས་ལ་བྲེལ་ན་ཡང་།།

ཞི་གནས་སེམས་པ་འདི་ལ་བདེ་ཞིག་ཡོད།།

ཡོད་ཚད་དབང་གིས་བསྒྱུར་བའི་སྤྱི་ཚོགས་ནས།།

ཐམས་ཅད་འབྱོར་བའི་རླབས་ཀྱིས་སྐྱོམ་འོག་ནས།།

འཇིག་རྟེན་སྒྲིན་པའི་སྒུལ་ཤུགས་བཙན་ན་ཡང་།།

བདེན་དོན་ལམ་བུ་འདི་ལ་ཕུགས་ཤིག་ཡོད།།

དུང་སེམས་འདུན་མ་སྒྲིག་པའི་འཇིག་རྟེན་ནས།།

འཁྲེང་སེམས་མཛའ་གཞས་འཐེན་པའི་མི་ཡུལ་ནས།།

གཞོན་པས་སྣང་ཡན་ཡིད་སྨོན་ཤོར་ན་ཡང་།།

ཕོ་རེང་མི་ཚེ་འདི་ལ་སྐྱིད་ཅིག་ཡོད།།

ཚིག་གིས་ཕོག་ཐུག་སྐྱེན་པའི་ཁོར་ཟུག་ནས།།

སེམས་ཉིད་འགྱུར་བག་མྱུར་བའི་མི་ཡུལ་ནས།།

ཉེ་ཞོ་གེགས་ཀྱིས་ཡང་ཡང་མནར་ན་ཡང་།།

ཁོག་ཡངས་གཤིས་ལུགས་འདི་ལ་དྲོད་ཅིག་ཡོད།།

  • ལེ་ཚན་སྔོན་མ།:གྲིབ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།