ཀ་རྩོམ་དབྱངས་ཀྱི་མཆོད་པ།

འོད།        2023-05-15

ཀ་ཕྲེང་པད་དཀར་འཛུམ་པའི་ལེགས་བཤད་ཀྱི་ཟིལ་མངར། །

ཁ་གཏིང་ལྷག་བསམ་ཉིན་བྱེད་མཛེས་སྡུག་གིས་བསུས་པའི། །

ག་བུར་སྨན་བཞིན་ཐུགས་བརྩེ་བྱམས་བསུང་གིས་ཁྱབ་པའི། །

ང་ཡི་ཤེས་བྱའི་དྲིན་ཡངས་བཤེས་གཉེན་རྣམས་བསྔགས་སོ། །

ཅ་ཅོའི་སྨྲ་སྤངས་གསུང་གླེང་འཆད་ཉན་གྱི་དགའ་སྟོན། །

ཆ་བྱད་ངུར་སྨྲིག་དཔལ་མཛེས་སྐུ་གཟུགས་ཀྱི་རྒྱན་ཅན། །

ཇ་སོགས་ཟས་གོས་ངན་ངོན་སློབ་གཉེར་གྱིས་གཞོལ་བ། །

ཉ་གང་ཟླ་བཞིན་མཛད་བཟང་ཡར་རྒྱས་སུ་འཕེལ་ཤོག །

ཏ་ལ་ལ་མཚུངས་ཤེས་རབ་སྤྱན་ཡངས་ཀྱི་སྣང་བས། །

ཐ་དད་གཙུག་ལག་རིག་པ་ཇི་སྙེད་ཅིག་འཚོལ་གྱིན། །

ད་ཆར་སློབ་གསོའི་ཅོང་སྙན་དུས་གསར་གྱི་རྒྱུན་ལ། །

ན་ཆུང་བོད་ཕྲུག་ཀུན་སྐྱོང་དགེ་རྒན་རྣམས་རྒྱལ་ལོ། །

པ་སངས་ལྟར་དཀར་འོད་སྣང་ལྷ་ལམ་ནས་མཆེད་པའི། །

ཕ་བཟང་མེས་པོའི་ཤུལ་བཞག་བཅུ་ཕྲག་གི་རིག་མཛོད། །

བ་འཇོའི་འོ་ལྟར་གུས་རྟག་བརྩོན་འགྲུས་ཀྱིས་འཇུག་པའི། །

མ་འོངས་མཛད་བཟང་རྒྱས་པའི་དགེ་རྒན་རྣམས་དྲིན་ཆེ། །

ཙ་རེ་བར་དུ་གཞན་ཕན་ཁུར་ཆེན་གྱི་གདུང་འདེགས། །

ཚ་གྲང་དུས་བཞིའི་ཀློང་ན་སྐུ་ངལ་གྱིས་བཟོད་མཁས། །

ཛ་ཧུའི་ཆབ་ལྟར་སློབ་གསོས་ལེགས་ལམ་ཀུན་བཀྲུ་བའི། །

ཝ་ལེ་ཞེར་དྲན་བཤེས་གཉེན་ཁྱེད་རྣམས་ལ་ཕྱག་བགྱིད། །

ཞ་སྨྱུག་ལག་ཐོགས་སློབ་བུའི་མི་ཚེ་ཡི་མདུན་ལྗོངས། །

ཟ་ཟིང་དོན་ལས་མཚར་སྡུག་འོད་སྟོང་གི་ཕྱོགས་སུ། །

འ་ཆ་འུ་ཐུག་བྱུང་ཡང་ཐབས་མཁས་ཀྱིས་སྟོན་མཁན། །

ཡ་རབས་དགེ་རྒན་ཁྱེད་ཅག་མེས་རྒྱལ་གྱི་གཟི་བརྗིད། །

ར་བ་གངས་ཀྱིས་བསྐོར་བའི་བསིལ་ལྗོངས་ཀྱི་རང་སྐད། །

ལ་ལུང་གདངས་སྙན་སློབ་གསོའི་ལང་ཚོ་ལ་འཐིམ་པའི། །

ཤ་རུས་གཅིག་འབྲེལ་དགེ་བའི་སློབ་དཔོན་གྱི་ཞབས་པད། །

ས་མཐོའི་ཞིང་འདིར་བཀྲ་ཤིས་སྨོན་འདུན་གྱིས་བརྟན་ཤོག །

ཧ་གོའི་དུང་སྙན་ཀ་ཕྲེང་སྡེབ་ལེགས་ཀྱི་རོལ་མོར། །

ཧ་ཅང་སྤྲོ་སེམས་འཕེལ་བའི་སྙན་ཚིག་གིས་འཁྱུད་པས། །

ཨ་ནུའི་མཛད་བཟང་སྐྱོང་བའི་དགེ་རྒན་གྱི་ཚོགས་ལ། །

ཨ་ཀར་མེ་ཏོག་སྐྱེས་ལྟར་དུས་བཟང་འདིར་འབུལ་ལོ། །



  • ལེ་ཚན་སྔོན་མ།:སྤྱིར་བཏང་བའི་སེམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།