སེམས་གཅིག་བློ་གཅིག་ཞབས་ཞུ་ལེགས་པོར་བསྒྲུབས།། ཡུལ་སྐོར་བ་ལ་བློ་བདེའི་ཁོར་ཡུག་བསྐྲུན།།

ཀུན་དགས་བསྒྱུར།        2023-05-15

རང་ཁུལ་གྱི་ལྗོངས་ཁུལ་ལྗོངས་གནས་ཁག་གིས་ལྔ་གཅིག་གུང་སེང་རིང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས།

ལྔ་གཅིག་གུང་སེང་རིང་།རང་ཁུལ་གྱི་མི་རྒོད་མཚོ་དང་འདབ་པའི་ཉི་སྟེན། ལྕགས་ཟམ་ཟམ་པ། མི་ཉག་གནས་མཆོག། གསེག་རིའི་སྤྱི་གླིང་སོགས་ལྗོངས་ཁུལ་གྲགས་ཅན་དུ་ཞབས་ཞུའི་ལས་དོན་སྤེལ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་བློ་བདེ་སེམས་སྐྱིད་ཡོང་བར་འགན་ལེན་བྱས་ཡོད།

གུང་སེང་རིང་ལྗོངས་ཁུལ་དུ་འཚང་ཁ་མི་ཐེབས་པ་བྱ་ཆེད། ལྗོངས་ཁུལ་གྱིས《རླངས་འཁོར་ཉེན་མེད་ངང་འཁོར་སྐྱོད་དང་ལས་རེས་བཀོད་གཏོང་ལམ་ལུགས》སྔར་བས་འཐུས་ཚང་དུ་བཏང་ཡོད། འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ལྔ་གཅིག་གུང་སེང་རིང་ལྗོངས་ཁུལ་དུ་ལྟ་སྐོར་རླངས་འཁོར136དང་།གཏན་འཇགས་རླངས་འཁོར20དང་། གནས་སྐབས་བོགས་གཏོང་རླངས་འཁོར10བཅས་བཀོད་སྒྲིག་བྱས་ནས་ཉིན་རེར་མི1200སྐྱེལ་ཐུབ་པ་དང་། ཡུལ་སྐོར་རླངས་འཁོར95བཏང་ནས་ཉིན་རེར་མི10000སྐྱེལ་ཐུབ་པར་འགན་ལེན་བྱས་ཡོད།

ལྗོངས་ཁུལ་དུ་སྐྱེལ་འདྲེན་གང་ལེགས་ཐུབ་པས་མ་ཚད་ཞབས་ཞུའང་ཡག་པོར་བསྒྲུབས་ཡོད། འདབ་པའི་ཉི་སྟེན་ལྗོངས་ཁུལ་དུ་དང་བླངས་ཞབས་ཞུའི་ས་ཚུགས4དང་།དང་བླངས་ཞབས་ཞུ་སྒྲུབ་ས9། དང་བླངས་ཞབས་ཞུའི་ལས་གནས།འཕྲོད་བསྟེན་ལྟ་སྐུལ་ལས་གནས་མང་པོ་བཅས་བཙུགས་ཡོད། དུས་མཉམ་དུ་ཡུལ་སྐོར་ལྟེ་གནས་དང་། འཁོར་སྡོད་བརྗེ་གནས་སོགས་འགྲུལ་རྒྱུན་འདུས་སྡོད་ཁུལ་དུ་གནས་མཆོག་དཀར་མཛེས་ཁུལ་གྱི་ཡུལ་སྐོར་འཕྲོད་བསྟེན་ཞབས་ཞུའི་དཔེ་སྟོན་ལས་གནས་དང་ཡུལ་སྐོར་དོ་སྣང་བྱ་དགོས་པའི་དོན་ཚན་གྱི་བརྡ་སྟོན་བྱང་བུ22བཙུགས་ནས་ཆ་འཕྲིན་གསལ་བརྡ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྐོར་བར་ཞབས་འདེགས་ཡག་པོ་ཞུས་ཡོད།

དེ་བཞིན་དུ་དཀར་མཛེས་རྫོང་གིས་ལྗོངས་ཁུལ་ལྗོངས་གནས་དང་། རྒྱལ་ལམ་317ལམ་རྒྱུད་ཀྱི་ཡུལ་གྲོང་དུ་ཡུལ་སྐོར་ཞབས་ཞུའི་ས་ཚུགས་བཙུགས་ནས་ཞབས་ཞུའི་ལས་དོན་ལ་འགན་ལེན་བྱས་ཡོད། ཡུལ་ཤོག་དང་གྲོང་སྡེ་རིམ་པ་གཉིས་ཀྱིས་དྲྭ་མིག་ཅན་གྱི་ཁོངས་གཏོགས་ཁུལ་དུ་འགན་ལེན་ཞབས་ཞུ་དང་། ཉེན་མེད་འགན་ལེན། ཁོར་ཡུག་འཕྲོད་བསྟེན། འཚུབ་བསྟུན་རོགས་སྐྱོབ། འགྲིམ་འགྲུལ་ཤར་གཏོང་། བློ་འདྲིའི་ཞབས་ཞུ་བཅས་ལ་འགན་ལེན་ཡག་པོ་བྱས་ཡོད། སྤྱི་བདེ་མངགས་གཏོང་ཁང་གིས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ་དང་གཞུང་ལམ་ཡན་ལག་ཅུས་སོགས་དང་མཉམ་འབྲེལ་ཐོག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཇེ་ཡངས་སུ་བཏང་བ་དང་། གྲོང་ཁུལ་གཞུང་ལམ་གྱི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་འཚང་བ་དང་།སྒྲིག་ཆས་མཚམས་འཇོག་པ། ཡུལ་སྐོར་བར་ལུས་པ།གནོད་འཚེའི་གནས་སུ་གྱར་བ། ཐོན་བྱུང་དོན་རྐྱེན་སོགས་ཀྱི་འཚུབ་བསྟུན་ཐག་གཅོད་ལས་དོན་ཡག་པོ་བསྒྲུབས་ཡོད།

གཞན་ཡང་གསེར་རྟ་རྫོང་གིས་ཏང་མི་དང་བླངས་པའི་ཞབས་ཞུའི་དཔུང་ཁག་ཚོ་ཆུང5དང་།འགྲེལ་བཤད་པའི་དཔུང་ཁག1དང་ཡུལ་ཤོག་དང་གྲོང་རྡལ་ཁག་གི་འགན་ལེན་ཞབས་ཞུའི་དཔུང་ཁག11 ལས་རིགས་ཞབས་ཞུའི་དཔུང་ཁག5བཅས་བཙུགས་ནས་འགན་ལེན་ཞབས་ཞུའི་བྱེད་སྒོའི་ནང་ཞུགས་པ་དང་། རྫོང་དེས་ད་དུང་གསོ་རླུང་སྤྱི་གཉེར་ཁང་དང་།དངོས་ཟོག་སྒོ་རྩིས་ཚོང་ཁང་།སྐྱེལ་འདྲེན་སྤྱི་གཉེར་སོགས་ལ་མཐུན་སྦྱོར་བྱས་ནས་ལྔ་གཅིག་གུང་སེང་རིང་ཞབས་ཞུའི་ འགན་ལེན་ཡག་པོ་བསྒྲུབས་ཡོད། ལྔ་གཅིག་གུང་སེང་རིང་ཡུལ་སྐོར་ཞབས་ཞུའི་མི་སྣ་ཆིག་སྟོང་ཙམ་ལ་ཟིན་ཡོད།

རང་ཁུལ་གྱིས་ལྗོངས་ཁུལ་གྱི་ཞབས་ཞུའི་འགན་ལེན་མ་ལག་ཁག་བཙུགས་ནས་ཡུལ་སྐོར་བ་ཚོ་ཉེན་མེད་བག་ཡོད་དང་།གོ་རིམ་ལྡན་པའི་སྒོ་ནས་ལྔ་གཅིག་གུང་སེང་རོལ་བར་འགན་ལེན་བྱས་ཡོད། རྟའུ་རྫོང་གསེག་རིའི་སྤྱི་གླིང་དུ་ཁྲུང་ཆིང་ནས་ཡོང་བའི་སྐུ་ཞབས་དབྱང་ལགས་ཀྱིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ཧ་ཅང་ཡག་པོ་འདུག། ང་ཚོར་དཀའ་ངལ་ཅི་ཡོད་ན་ཞབས་ཞུའི་ས་ཚུགས་ཀྱི་དང་བླངས་པས་ལམ་སེང་ཐག་གཅོད་རོགས་བྱས་བྱུང་། ང་ཚོའི་སེམས་ཧ་ཅང་དགའ་པོ་འདུག་ཅེས་བཤད་པ་རེད།། 



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གི་ཏན་ཞ་གྲོང་རྡལ་ཆུང་ངུ་སྒོ་ཕྱེ་ནས་ལས་གཉེར་བྱེད་འགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།