ཁམས་སྨྱོན་ཧེ་རུ་ཀ། 2023-05-15
ཕ་ཡུལ་ལ་སྨོན་ཞིང་ཕ་ཡུལ་ཁོ་ན་གླེང་དུས་མ་བཅོས་པའི་མཛེས་པ་ཞིག་ང་ཚོའི་སྙིམ་པའི་བར་ནས་ས་ལ་ནམ་ཞིག་ལ་ཟགས་པ་མི་མཐོང་བ་ཅི་ཡིན་ནམ། ཕ་ཡུལ་ལ་ཅི་ཞིག་ཡོད་དམ། ཚམ་ཚོམ་མེད་པར་དུས་ཚོད་ཀྱི་གཙང་པོ་རྒྱུན་དུ་ཞུགས་པ་ནི་རུང་བ་མ་ཡིན་པ་ཨེ་ཡིན། དུས་ཀྱི་བྱེ་མ་དང་སྐྱིད་སྡུག་གི་ཆུ་ཐིགས་ཙམ་གླེང་ན་རིན་ཐང་གི་སྙིང་པོ་གང་དེ་མ་འོངས་པར་རྫོགས་མེད་ཀྱི་འཁང་རས་བསྐྱལ་བའི་བཤུལ་ལམ་དེ་རྒྱུན་འཁྱོངས་བྱ་ཐུབ་བམ།
བསྒུགས་ཀྱང་མ་མཐོང་བའི་རྨི་ལམ་ལྟ་བུའི་ཕ་ཡུལ་ལགས། བྱིས་དུས་ཀྱི་ལྕེ་རྩེར་བསྐྱིལ་བའི་བྱིས་སྒྲུང་ཞིག་ལྷས་འདབས་ནས་དབུ་ཁྱུད་བྲིས་རུང་། རྒྱུན་འཁྱོངས་ཀྱི་རྫིང་བུ་བསྐམས་རྗེས་ཡང་སྙིང་བསང་དུད་ཀྱི་ཀློང་ནས་ང་ཚོ་ནི་ཕ་ཡུལ་འདི་རུ་ཟློས་གར་ཐེངས་ཤིག་འཁྲབ་ཏུ་ཡོང་བ་ཡིན་ཞེས་བརྗོད་པ་ཙམ་མོ།།
ཕ་ཡུལ་ནི་ང་རང་ལ་མཚོན་ན། ཐོག་མའི་ལྟེ་ཕྲག་འཕོ་ས་དང་། ཐ་མའི་རུས་པ་འཐོར་སའི་སེམས་པའི་བསྟི་གནས་རེད། དེ་བས། ང་རང་ཤིན་ཏུ་ངལ་དུས་གནས་འདིར་ངལ་གསོ་ཆོག་ལ། ང་རང་ཤིན་ཏུ་གདུང་དུས་གནས་འདིར་ངུ་ཤུམ་བྱ་ཆོག།
ད་དུང་། ད་དུང་། ད་དུང་། ཕ་ཡུལ་གྱི་གནས་བབ་རེ་མཐོང་ཐེངས་རེར། ངུ་འདོད་ཀྱང་མཆི་མ་མི་ཡོང་བའི་སྦྲིད་སྣང་ཉམ་ང་བ་མང་པོ་ཤོར། ངས་ལོ་ཟླའི་འཁོར་སྐྱོད་མང་པོའི་རིང་ཕ་ཡུལ་གྱི་ཉི་འོད་མགོ་རུ་གྱོན། ཟླ་འོད་གདན་དུ་བཏིང་སྟེ་སྐྱིད་གསུམ་སྡུག་གསུམ་གྱི་མི་ཚེ་ཕྱེད་ཙམ་བསྐྱལ་བ་ཡིན།
ཕ་ཡུལ་ནི་གཉུག་སེམས་ཏེ་རྟག་ཏུ་རང་སེམས་དྲི་མེད་དང་ཁ་ཐག་ཉེ་བའི་ཀ་དག་སེམས་ཀྱི་མེ་ལོང་ཞིག། གཉུག་སེམས་དང་ཁ་ཐག་ཉེ་བའི་སེམས་པའི་ལོངས་སྤྱོད་ཅིག། གཉུག་སེམས་ཀྱི་འཇིག་རྟེན་ཆུང་ཆུང་ཞིག། གཉུག་སེམས་ཀྱི་ཀློང་ནས་བརྡོལ་བའི་ཉམས་རྟོགས་ཀྱི་མགུར་གླུ་ཞིག་ཨང་།
མཚམས་རེར་ངས་ཕ་ཡུལ་ནི་རང་ཉིད་ཀྱི་ལུས་སེམས་ཀྱི་ཆ་ཤས་ཤིག་ཏུ་རྟོག་བཟོ་བྱེད་ཀྱིན་ཡོད། དེའི་ཕྱིར་ཕ་ཡུལ་ལ་ཆག་སྐྱོན་ཤོར་བ་ནི་དོན་དུ་རང་ཉིད་སྒེར་གྱི་གོད་ཆག་ཅིག་ཏུ་བརྩི་བ་གོམས་གཤིས་སུ་གྲུབ་འདུག། དེའང་སེམས་ཁྲལ་དུ་གྱུར་འདུག།དེ་འཁྲེང་སེམས་སུ་གྱུར་འདུག། དེའང་ལུས་སེམས་ཀྱི་ན་ཟུག་ཅིག་ཏུ་གྱུར་ནས་འདུག།
ངའི་སེམས་ཁྲལ་དང་འཁྲེང་སེམས་ཀྱི་ན་ཟུག་སྟེ་སྨྲ་བསམ་བརྗོད་འདས་ཀྱི་ཐ་སྙད་དེ་དག། ང་རང་ནར་སོན་པའི་བརྒྱུད་རིམ་དེ་དག། དཔེར་ན། སྐྱོ་ཉིན་གྱི་གྲོང་སྟོད་སྨད། སྤིས་རམ་ནང་གི་ཕུ་མདའ་སོགས་ཕ་ཡུལ་གྱི་ཡུལ་དུས་དང་འབྲེལ་བའི་ཡིད་བརྙན་གྱི་ཀློང་ལས་རང་སེམས་གསོ་ཕྱིར་རམ། ཕ་ཡུལ་གྱིས་ཅི་ཞིག་རྟོགས་ན་སྙམ་པའི་འདུན་པ་དྲག་པོས་དབྱངས་གསལ་སོ་བཞིའི་རྐང་གླིང་འབུད་མཁན་གྱི་ལས་དབང་ཉམས་སུ་ལེན་དགོས་བྱུང་།
ཕ་ཡུལ། ཕ་ཡུལ། ཕ་ཡུལ་ལགས། མི་རབས་མང་པོས་མཆོད་པའི་སེམས་པའི་བསྟི་གནས། བདག་ནི་ཁྱོད་ལ་བརྩེ་དྲག་པས་ཡིན་ནམ། རྣམ་ཀུན་ཁྱོད་རང་གླེང་ཞིང་ཁྱེད་ཉིད་འཆད། དོན་དམ་དུ་ཕ་ཡུལ་གྱི་ཆགས་འཇིག་ནི་ངའི་ལུས་སེམས་ཀྱི་གོད་ཆག་ཅིག དེ་བས། ངས་ཕ་ཡུལ་ལ་སྙན་ངག་འབྲི་བ་ནི་ཕ་ས་ཕ་ཡུལ་གྱི་ནུ་རིན་གསབ་ཕྱིར་ཙམ་ཡིན་ཨང་།
རྩོམ་གསར། 10