སྤྱིར་བཏང་བའི་སེམས།

ཚུལ་བཟང་།        2023-05-12

འཚོ་བ་འཇམ་རྩུབ་གཉིས་རེད་སེམས་དང་ལག་པས་མི་ཐོང་། །

འཇམ་པོའི་རེག་བྱས་རེག་པས་སྐོར་ལོག་ཨེ་ཡིན་མ་བསམ།།

རྩུབ་མོའི་རེག་བྱས་རེག་པས་ཞེ་སེམས་སྐྱོ་བྱེད་ཡིན་སྙམ།།

དགའ་དང་སྐྱོ་བ་གཉིས་ཀ་སེམས་ལ་འཚམ་པོ་བྱུང་ན།།

ལམ་གྱི་མགྲོན་པོ་ངས་ཀྱང་བདེ་སྐྱིད་རྙེད་པར་བརྩི་ཆོག།

དཀྱོག་ལམ་རེ་རེའི་མཚམས་ནས་སྙིང་ལ་རང་དེ་ཕོག་པ།།

འཚོ་བའི་སྐད་ཆ་མ་ཡིན་སྐད་ཆའི་ནགས་ཚལ་དེ་ཡིན།།

ནགས་ཀྱི་སྒེའུ་ཁུང་ནང་ནས་ཞོགས་པའི་སྐྱ་རེངས་བསམ་པ།།

དགུང་གི་སྐར་མ་བརྩིས་ནས་ཚེ་མཇུག་འཕུད་པ་ཙམ་རེད།།

ལས་ཀྱི་ཆུ་མོ་བཞུར་ས་འཁོར་བའི་རྒྱ་མཚོའི་ནང་ནས།།

ཕྱིར་ལ་མ་བལྟས་སླེབས་ཡོད་ཁྱོད་ཀྱི་གམ་དུ་ཐོན་ཡོད།།

ཁྱོད་ཀྱི་གམ་དུ་སླེབས་འཕྲལ་ཕྱིར་ལ་ལྡོག་དགོས་ཟེར་བ།།

རང་བྱུང་ཁམས་ཀྱི་སྣང་བས་ང་ལ་སྨོད་པ་འདྲ་བྱུང་།།

ཆགས་དང་སྡང་བ་གཉིས་ཀས་ང་ལ་སྡིགས་པ་འདྲ་བྱུང་།།

ཡིན་ཡང་ཞུམ་པ་ཅི་དགོས་རང་ལ་དབང་བ་འདི་ཙམ།།

རླུང་གི་ནག་མོས་གནང་བའི་སྨྲེ་ངག་འདོན་སྟངས་དེ་ལ།།

སྐྱིད་པོ་མི་འདུག་མ་བསམ་འདི་ཡི་བདག་པོ་རང་ཡིན།།

ཁྱོད་ཀྱི་ཐུགས་དང་མི་བསྟུན་འཚོ་བ་ཉིན་རེར་ཚར་འགྲོ།།

དཔེ་དེབ་བརྒྱ་ཕྲག་འགའ་ཞིག་ཀློག་སྐབས་བྱུང་བ་དེ་ཡིས།།

ང་ལ་དགོས་པ་མཐའ་དག་ལྷུན་གྱིས་གྲུབ་པ་ཡིན་ནོ།།

  • ལེ་ཚན་སྔོན་མ།:དཔྱིད་དཔལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།