མཚོ་བྱུང་ལྷ་མོར་འབོད་པ།

སྐྱིད་རྒྱ་མཚོ།        2023-05-12

བརྗིད་ཆགས་འཛུམ་པའི་མེ་ཏོག་དཀར་པོ།།

ཉེས་སྐྱོན་འཁོར་བའི་འདམ་ལས་བྲལ་བས།།

ཀུན་ཡིད་དགྱེས་པའི་ཟེར་ཕྲེང་ཕུང་པོ།།

ཡིད་ལ་ཡང་ཡང་བཞད་པ་ཁྱོད་རེད།།

བརྩེ་བའི་ཉི་མའི་འོད་རླབས་ཀློང་ན།།

གྲང་རེག་མནར་གཅོད་གཡེང་ལས་བསྒྲལ་བས།།

དུང་བའི་དད་གུས་དགའ་འཛུམ་སྟོན་ས།།

དབྱངས་ཅན་མགོན་ལ་སེམས་ཀྱིས་བྱས་ཡོད།།

ལྷ་ཚོགས་མང་པོའི་དགྱེས་འཛུམ་མི་དགོས།།

ཁྱོད་ཀྱི་དགྱེས་ཞལ་ལན་གཅིག་སྟོན་དང་།།

མུ་མེད་འཁོར་བའི་དགའ་སྐྱོའི་བགྲོད་ལམ།།

དབྱིངས་སུ་ཞི་མཛད་ཚངས་སྲས་མཆོག་ཡིན།།

གངས་དཀར་གཤོག་པ་བརྐྱངས་པའི་གནས་ཤིག།

གནས་དེའི་བྱིན་རླབས་དཀར་པོ་ཡིན་པས།།

མཚོ་བྱུང་འཛུམ་པའི་དགྱེས་བརྩེའི་ཟེགས་མ།།

ས་ཕྱོགས་འདི་རུ་བབས་པས་སྤྲོ་ཡོད།།

འཆར་ཡན་ཚོར་བ་རྒུམ་པའི་དུས་སུ།།

ཁྱོད་ཀྱི་ཐུགས་བརྩེའི་སྒྱུ་འཕྲུལ་སྣང་བ།།

དད་འདུན་པདྨའི་གདན་ལ་བཞུགས་ཏེ།།

དབྱངས་ཀྱི་རྒྱ་མཚོའི་ཀློང་ལ་སྐྱོན་རོགས།།

ཉོན་མོངས་གཏན་དུ་ཞི་བ་དེ་ཡིས།།

ཁྱོད་ཐུགས་དྲི་མེད་ནམ་མཁའི་མདངས་ལ།།

ཉེས་སྐྱོན་ཚོགས་ཀྱི་ཡུལ་ལས་འགོངས་པས།།

ཉེ་རིང་འཆང་བའི་གནས་ཤིག་དབེན་ནོ།།

བྱམས་པའི་གཤིས་ལ་ཕྱོགས་རིས་མེད་པས།།

ཕྱོགས་མེད་ལྷག་པའི་ཐུགས་འདུན་དཀར་པོ།།

ཀུན་ལ་བབས་པའི་ཁ་བའི་འདབ་མ།།

ཕྱི་ནང་གཉིས་ཀ་དཀར་པོ་དཀར་རྐྱང་།།

ཡིད་ཁམས་རྒྱ་མཚོའི་རླབས་ཕྲེང་ཀློང་ན།།

དད་འདུན་བརྩིགས་མའི་མཆོད་པ་སྣ་བདུན།།

ཁྱེད་ལ་འབུལ་བའི་འདུན་པའི་རྩེ་མོ།།

གཏན་དུ་ཉམས་པ་མེད་པར་བཞད་ཡོད།།

འཕགས་མ་ཁྱོད་ཀྱིས་རིགས་དྲུག་མགྲོན་ལ།།

ཐུགས་ཀྱི་ཡོལ་གོར་གཏན་དུ་གཏད་པས།།

རྨོངས་པའི་ཁམས་ལ་ཤེས་རབ་འོད་སྣང་།།

སྦར་མཛད་མཚོ་བྱུང་ལྷ་མོ་འཛུམ་བྱུང་།།

སྙན་ངག་པ་ཡིས་རྣམ་ཀུན་ཁྱེད་ལ།།

ཚིག་དོན་གཉིས་ཀྱིས་བསྔགས་པའི་གཏམ་ཚོགས།།

དབྱངས་གསལ་རྒྱན་དུ་བྲིས་པའི་རི་མོ།།

སོར་མོའི་འདུ་བྱེད་རྒྱན་དུ་བྱས་ཡོད།།

དབྱངས་ཀྱི་བྱིན་རླབས་དཀར་པོའི་འོད་སྣང་།།

ཁྱོད་ཀྱི་སོར་མོས་རྒྱུད་སྐུད་བསྣན་པས།།

སྙན་པས་གཞན་ཡིད་སྟེར་བའི་དགའ་བ།།

བརྗོད་མེད་བདེ་བའི་དཔལ་དུ་བྱས་སོང་།།

  • ལེ་ཚན་སྔོན་མ།:ང་ནི་ཁེར་རྐྱང་ཞིག་ཏུ་གྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།