རྫ་ཤུལ་བློ་བཟང་། 2023-05-08
ལེགས་བྱས་བསོད་ནམས་པིར་གྱི་རི་མོ་ཐོད་པའི་ཐོག་ཏུ་བརྐོས་པ་ཡིས། །
རིག་བྱེད་རྒྱ་མཚོ་བསྐྱིལ་བའི་དབུས་སུ་ཡིད་འཕྲོག་ལྷ་མོའི་ཞལ་རས་འཁྲུངས། །
ལེགས་བཤད་སྟོང་གི་དགའ་ཚལ་རྒྱས་ནས་སྙན་ཚིག་པདྨའི་ཟེའུ་འབྲུ་དགོད། །
སྣང་བའི་བདག་པོ་གནས་འདིར་ལྷགས་པས་སྤྲོ་དགའི་དཔལ་ལ་རྟག་ཏུ་རོལ། །
གསེར་གྱི་མེ་ཏོག་ལྷ་ལ་ཕུལ་ཡོད་སྨོན་འདུན་རུམ་གང་པང་དུ་བཅུག །
དབྱངས་ལ་བརྒྱུས་པའི་ཚིག་ཚོགས་གྲངས་མེད་བློ་གྲོས་སོར་མོས་དལ་གྱིས་བསྣུན། །
ཡིད་ཀྱི་མཁའ་ལ་ཉི་ཟླ་གཉིས་བྲིས་རྒྱུ་སྐར་མང་པོས་མཐའ་ནས་བསྐོར། །
མཛེས་མཛེས་ལྷ་ཞལ་ཡིད་ལ་སྒོམ་བཞིན་སྙན་སྙན་ཚིག་གི་རྒྱུད་མངས་དཀྲོལ། །
དྭངས་མའི་མཚོ་བྱུང་ཟླ་བ་ལས་འཁྲུངས་དྲི་མེད་དབྱངས་ཀྱི་ཁ་བཏགས་དངོས། །
འཆི་མེད་བུ་མོའི་མཛེས་ཉམས་འཕྲོག་པའི་རིག་བྱེད་བུ་མོ་དབྱངས་ཅན་མ། །
རྨ་བྱ་བུ་མོའི་སྒྲ་འཛིན་ངོས་སུ་སྣང་བའི་མགུར་གླུ་སྒྲོག་མཁས་མ། །
མགྲིན་པའི་རྩ་མདུད་ལྷོད་ཀྱིས་དཀྲོལ་ནས་དགྱེས་འཛུམ་བུ་ལ་གནང་བར་རྩེན། །
སྣང་བའི་མེ་ལོང་ཕྱི་གཙང་ནང་གཙང་ཀུ་མུད་དགའ་ཚལ་རྒྱས་པ་བཞིན། །
རྨི་ལམ་སྐྱ་བོར་ཚོན་རྩི་བྱུགས་པ་ཁེར་རྐྱང་བུ་ལོའི་ཐོབ་སྐལ་ཡིན། །
མི་མེད་བས་མཐའི་དགའ་ཚལ་འགྲིམས་ནས་སྣང་བའི་རྨི་ལམ་ཡིད་ལ་སྒོམ། །
གནམ་སའི་བདེ་སྡུག་ཡི་གེར་ཕབ་ནས་འཁོར་བའི་གཞས་ཆུང་ངག་ལ་དྲངས། །
ཞེ་འཛིན་སྣང་བའི་དབྱངས་གསལ་ཁྲི་འབུམ་ཡིད་ཀྱི་ཁད་དུ་ངང་གིས་བསླེབས། །
ཚོར་བའི་རྟ་ཁྱུ་བྲོས་པའི་ཤུལ་དུ་རྟོག་བཏགས་འཁྲུལ་བའི་རྨི་ལམ་བརྩེགས། །
སྤྲོས་བྲལ་དབྱངས་ཀྱི་ང་རོ་སྒྲོག་བཞིན་དོན་དམ་གླེགས་བམ་ཁྲོད་དུ་ཉལ། །
བུ་ལོའི་ཕུགས་བསམ་དབྱངས་ལ་གཏད་ནས་མིང་དང་ཚིག་གི་བཤམས་སྟོན་བྱས། །
བདག་གི་ཉི་མ་ཕྱོགས་བཞིར་མཆེད་ཅིང་འདབ་བཟང་ལོ་མ་སྟོང་ཕྲག་བཞད། །
ངག་ལ་བདུད་རྩིའི་བྱིན་རླབས་བྱུགས་ནས་དབྱངས་ཅན་ལྷ་མོའི་རྒྱུད་མངས་གཡར། །
མཁའ་ཡི་ཆུ་འཛིན་རི་རྩེར་བཏགས་ཤིང་དྲི་ཟའི་གར་སྟབས་འཁྲིས་སུ་བཀོད། །
ཁོ་བོའི་མི་ཚེ་རླུང་གིས་ཁྱེར་ཀྱང་ཚིག་གི་འདབ་མ་སེམས་སུ་བཞད། །
ལས་དབང་ཐོད་དར་དཀར་པོའི་ནང་དུ་མི་ཚེ་མར་མེ་རྐང་གཅིག་སྒྲོན། །
སྐྱི་སེར་རླུང་བུའི་འགྲོས་དང་འགྲོགས་ནས་སྲིད་པའི་ཉིན་སྲིབ་ཀུན་ཏུ་ཉུལ། །
མི་ཚོགས་མེད་པའི་ལྷིང་འཇགས་ཁྲོད་དུ་ལོ་ངོ་སྟོང་གི་ལོ་རྒྱུས་དྲན། །
དྲན་ཚོར་འཇའ་ཚོན་སྣ་ལྔའི་དབྱིབས་གཟུགས་མཐོན་མཐིང་ངོས་སུ་ལེགས་པར་བཤམས། །
སྣང་བའི་རི་མོ་ས་སྲོས་བཞིན་དུ་མཛེས་སྡུག་འཆི་མེད་ཡུལ་དང་མཚུངས། །
འཁོར་བ་སྒྱུ་མའི་རང་གཟུགས་ཤིག་ལ་དགའ་སྡུག་གཉིས་ཀྱི་རྣ་རྒྱན་བཏགས། །
རེ་དགའ་རེ་སྡུག་འཚོ་བའི་གྲུ་ཁར་སྐབས་རེ་དགོད་ཅིང་ལན་རེ་ངུས། །
ཚོར་བའི་ཁ་དོག་ཟིན་བྲིས་ཕབ་ནས་ལས་ཀྱི་འགན་འཁྲི་བདག་གིས་བླངས། །
བདག་ཡིད་རྣམ་ཤེས་དབུགས་རྒྱུན་ཕྲ་མོ་ཕུགས་བསམ་ཁྲོད་དུ་ཐིམ་པར་སྣང་། །
སྣང་བ་བྱིས་པའི་རྩེད་གར་འཁྲབ་བཞིན་དགའ་སྐྱོ་གླེགས་བམ་ཁྲོད་དུ་བརྩེགས། །
སེམས་ཀྱི་ངལ་དུབ་སེལ་བའི་གཞས་ཆུང་བསམ་གཏན་སྤྱིལ་ཆུང་ནང་ནས་བླངས། །
སྙན་ཚིག་རེ་རེ་སེམས་ནས་འཁྲུངས་ཤིང་ཤ་དང་ཁྲག་གི་གསེབ་ཏུ་འདྲེས། །
སྣང་བའི་ཁམས་སུ་ཚོར་བའི་རི་མོ་དབྱངས་ཀྱི་བསླུས་པ་སྣ་ཚོགས་མཆིས། །
ལྷ་ལམ་ངོས་སུ་མེ་ཏོག་འཐོར་བ་རྟོག་བཏགས་འཁྲུལ་བའི་འཇའ་རིས་ཡིན། །
སྒེའུ་འགྲམ་ངོགས་སུ་མེ་ལོང་ལྷག་པ་ཕྱི་དྲན་སྟོང་གི་གཏམ་བརྗོད་ཡོད། །
ང་ནི་གནམ་སའི་སྒྲུང་གཏམ་འཚོལ་བའི་རྒྱང་རིང་བདས་པའི་ཕྱེ་ལེབ་བཞིན། །
རྩོམ་གསར། 10