ནུ་བོར་ཕུལ་བའི་ཀ་རྩོམ་ཐོག་མ།

འཁོན་སྲས་རྣོ་ཟེར།        2023-04-28

ཚེ་རབས་ལས་ཀྱི་མེ་ཏོག་ཕོག་པའི་ཞི༵ང་།།

ཞི༵ང་མཆོག་ཁ་བའི་ལྗོངས་ལས་སེང་ཁྲི་དགོ༵ན།།

དགོ༵ན་སྡེ་མིང་དོན་མཚུངས་པའི་ཆོས་གྲྭའི་ན༵ང་།།

ན༵ང་བསྟན་ལེགས་པར་སྦྱང་ཁྱོད་བདེ་ལེགས་སམ།།

ཀ་བུམ་རྟག་མིན་ནས་བཟུང་ཀ་དག་བར།།

ཁ་མིན་དོན་གྱིས་སྦྱང་བར་བརྩོན་པའི་བུའི།།

ག་ལེར་རེ་སྨོན་ཉིན་བྱེད་གཞོན་ནུའི་ཟེར།།

ང་ཚོའི་ལྗོངས་འདིར་འཛུམ་པའི་སྐལ་བཟང་འཕེལ།།

ཅ་དག་འདུལ་ཁྲིམས་སྲུང་ལ་མངོན་ལྐོག་མེད།།

ཆ་ལུགས་ཀུན་མཐུན་སྤྱོད་པས་གཞན་སེམས་འཕྲོག།

ཇ་འཐུང་དུས་ལས་ཐོས་བསམ་སྒོམ་སྒྲུབས་པས།།

ཉ་གང་ཟླ་རྒྱས་གྲུབ་འབྲས་ད་རེས་བླངས།།

ཏཱ་ཐ་གཱ་ཏའི་བསྟན་པའི་གདུགས་དཀར་འོག།

ཐ་མལ་སྤྱོད་པ་རིང་དོར་དམ་ཆོས་འཐུང་།།

ད་ཐེངས་སྐལ་བཟང་ལེགས་སྐྱེས་རྒྱུགས་འཕྲོད་པ།།

ན་གཞོན་མི་ཚེའི་ལོ་རྒྱུས་རྡོ་རིང་དངོས།།

པ་ཏྲའི་རི་མོ་བསྣོལ་འདྲའི་མདོ་སྔགས་སོགས།།

ཕ་མཐར་ཕྱིན་པའི་མཁས་བ་ཉིན་དཀར་དུས།།

བ་ལས་འོ་བཞིན་མཁས་པ་མཁས་པའི་དྲུང་།།

མ་བསྡད་ཐོས་བསམ་བྱས་པ་གཟེངས་སུ་མཐོ།།

ཙ་རི་དབེན་གནས་འགྲིམ་པའི་ཐེམ་སྐས་གང་།།

ཚ་བ་ཁྱད་བསད་ད་ནས་ལེགས་བསྒྲུབས་ན།།

ཛ་དྲག་ལས་ལ་བྲེལ་བ་ཉུང་བའི་དུས།།

ཝ་ལེར་ཏིང་འཛིན་དགའ་བདེར་རོལ་བས་སྐྱིད།།

ཞྭ་ལྟར་བཀུར་འོས་བླ་སློབ་དམ་ཚིག་གཙང་།།

ཟ་ཟིང་ལས་ལ་དགའ་སྤྲོའི་ཡི་ག་མེད།།

འ་ཅག་ན་མཉམ་དཔུང་ལས་ཐོས་བསམ་ཕྱོགས།།

ཡ་མཚན་གྲུབ་འབྲས་བླངས་པས་ཧ་ཅང་དགའ།།

ར་ལྟར་གྱོང་བའི་ཞིང་སར་དམ་ཆོས་དྲངས།།

ལ་རྒྱ་རྣལ་མ་ལུང་རྟོགས་རྒྱལ་མཚན་ཕྱར།།

ཤ་ཞེན་གཙང་མས་འགྲོ་ལ་སེམས་བསྐྱེད་བྱ།།

ས་སྟེང་མི་ལུས་ཐོབ་པ་དོན་ལྡན་རེད།།

ཧ་ཅང་གཏམ་སྙན་ཐོས་འཕྲད་དགའ་བའི་མོད།།

ཨ་མའི་བུ་ཁྱོད་རྟེན་འབྲེལ་ཞུ་བའི་འཕྲིན།།

ཧ་ཅང་སྙན་ཆ་མེད་ཀྱང་ལྷག་བསམ་སྐྱེས།།

ཨ་གཱ་ཉི་མའི་མིང་ཅན་དེ་ནས་སོ།།



  • ལེ་ཚན་སྔོན་མ།:ཚོར་བ་གསོན་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།