ཉི་ནུབ་ཀྱི་འཆར་སྣང་།

ཇེང་།        2023-04-21

ཚེ་ཡི་ཐ་གུ་རྒྱང་རིང་ཕྱོགས་ལ་ཡོད། །

ཁེར་རྐྱང་སྐྲ་ལོ་རླུང་བུའི་གསེབ་ན་ཡོད། །

མི་རྟག་ལོ་ཟླས་བདས་པའི་ཁུད་ན་ཡོད། །

རྣམ་རྟོག་གདུང་བ་ཟབ་སའི་ཟུར་ན་ཡོད། །

སོ་སྐྱེས་ཆོས་ཉིད་ཆགས་སྡང་ཁམས་ན་ཡོད། །

མག་མོག་སྨག་གི་སྒྱུ་མའི་གྲོང་ན་ཡོད། །

སྣ་ཚོགས་སྣང་བ་བཏེག་སའི་མེ་ལོང་ངོར། །

འཛུམ་ཆུང་པད་མ་གྲོལ་བའི་མདངས་ཀྱི་མཛེས། །

སྨུག་པའི་ཞེན་ཆགས་ཡོམ་ཡོམ་འགུལ་ཙ་ན། །

ཟླ་བའི་མིག་ཟུང་ཀེམ་ཀེམ་མཚོ་ལ་ལྷུང་། །

རྟེན་འབྱུང་མེ་ཏོག་ཡིད་ཀྱི་གཞུང་ན་གད། །

སྒེག་པའི་ཉམས་ཀྱིས་ཁུར་བའི་ན་ཆུང་མ། །

བདག་གི་དྲན་སྙིང་ཕྱོགས་སའི་རྟ་ཁྱུ་དེ། །

ཉི་ནུབ་ཕ་མཐར་བཞུད་པའི་གོམ་འགྲོས་མྱུར། །

ཡིད་འོང་སྙིང་གར་སིམ་པའི་མཆུ་སྒྲོས་དེས། །

མཚན་ཞག་རྨི་ལམ་སྟོང་གི་ཁྲོམ་གཞུང་སྒུལ། །

ལྷུང་ལྷུང་གཙང་པོའི་ཆུ་རིས་ཤིག་ཤིག་བརླན། །

མཛེས་སྡུག་འཁྱུག་པའི་སྙན་ངག་ཆར་དུ་སྙིལ། །



  • ལེ་ཚན་སྔོན་མ།:ཡིད་ཀྱིས་སྐྱོམ་པའི་རླབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།