ལྷག་བསམ་ཟོལ་མེད་དཀར་མཛེས་ཁུལ་གྱི་སློབ་གསོར་ཕུལ་བའི་མི་རབས་གཉིས་ཀྱི་གཏམ་རྒྱུད།

ཡེ་ཤེས་ཀྱིས་བསྒྱུར།        2023-04-21

ཕུའུ་ཅང་རྫོང་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་སློབ་སྐྱོར་དགེ་རྒན་ཡུའེ་པོ་ཡི་གནས་ཚུལ་རགས་བཀོད།

ལྷག་བསམ་ཟོལ་མེད་དཀར་མཛེས་ཁུལ་གྱི་སློབ་གསོར་ཕུལ་བའི་མི་རབས་གཉིས་ཀྱི་གཏམ་རྒྱུད།

ཡུའེ་པོ་ནི་ཆང་ལས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཞིང་། 1992ལོའི་ཟླ་བ8པར་ལས་ཀར་ཞུགས། ད་ལྟ་ཕུའུ་ཅང་རྫོང་པེ་ཅེ་སློབ་ཆུང་གི་རོལ་དབྱངས་དགེ་རྒན་གྱི་འགན་འཁུར་བཞིན་ཡོད། ཕུའུ་ཅང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་སློབ་སྐྱོར་དགེ་རྒན་གྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་ཡུའེ་པོ་ཡིས་རང་ཁུལ་དུ་སློབ་སྐྱོར་བྱེད་རིང་ཐོག་མཐའ་བར་གསུམ་དུ་སློབ་གསོའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་རང་ཉིད་ཀྱི་ཤུགས་ཡོད་རྒུ་དཀར་མཛེས་ཁུལ་གྱི་སློབ་གསོར་ལེགས་སྐྱེས་སུ་ཕུལ་ཡོད།

དགའ་ཞེན་ཚད་མེད་བཅངས་ནས་ནི།། ལས་སྐལ་ཡོད་པའི་ཡུལ་དུ་སླེབས།།

2007ལོའི་ཟླ་བ9པར་དགེ་རྒན་བྱས་ནས་ལོ10ལྷག་སོང་བའི་ཡུའེ་པོ་ཡིས་རྩ་འཛུགས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སློབ་སྐྱོར་གྱི་ལམ་བུར་ཐེངས་དང་པོ་བསྐྱོད་ནས་དཀར་མཛེས་ཁུལ་རོང་བྲག་རྫོང་སྟག་གསུམ་སློབ་ཆུང་གི་སྐད་ཡིག་དགེ་རྒན་ཞིག་ཏུ་གྱུར། དུས་དེ་ནས་བཟུང་ཁོང་དང་རང་ཁུལ་བར་ལས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད། ཁོང་གིས་ང་རང་ཐོག་མ་རོང་བྲག་རྫོང་དུ་སླེབས་དུས་ས་གནས་དེ་གའི་ཡུལ་ལྗོངས་ནི་ཤིན་ཏུ་མཛེས་པ་དང་མི་ཚང་མ་མགྲོན་ལ་དགའ་མཁན་ཡིན་པ་ཤེས་བྱུང་། ཚང་མས་འཚོ་བ་དང་ལས་ཀའི་ཕྱོགས་གང་ས་ཅི་ཐད་ནས་ང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་གཞན་ཡུལ་དུ་ཐུན་མོང་མ་ཡིན་པའི་དྲོ་སྐྱིད་ཚོར་བ་ཞིག་སྐྱེས་བྱུང་། འགྲིམ་འགྲུལ་སྟབས་བདེ་མིན་པ་དང་འཚོ་བའི་ཁོར་ཡུག་སྡུག་ཀྱང་སེམས་ལ་དཀའ་བ་དང་སྡུག་སྣང་སྤུ་ཙམ་ཤར་མ་མྱོང་ཅེས་འདས་དོན་དྲན་གསོ་ཞུ་བཞིན་དེ་ལྟར་བཤད་པ་རེད།

ཡུའེ་པོ་ཡིས་རོང་བྲག་རྫོང་སྟག་གསུམ་སློབ་ཆུང་གི་སློབ་ཁྲིད་ཐད་ཀྱི་ཞན་ཆ་རྒྱུས་ལོན་བྱས་ཏེ་ཇི་ལྟར་བྱས་ནས་ད་ཐེངས་ཀྱི་སློབ་སྐྱོར་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་ཐད་བསམ་བློ་བཏང་སྟེ་སློབ་སྐྱོར་གནད་སྨིན་བྱ་རྒྱུའི་འདུན་པ་དབང་མེད་དུ་སྐྱེས། དེར་བརྟེན་ཁོང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་གཞི་ལ་ཞིབ་འཇུག་དང་སློབ་མའི་སྤྲོ་སེམས་ལ་གཞིགས་ཏེ་སློབ་གཞི་བྲིས་ཤིང་སློབ་ཆས་བཟོས་པར་བརྟེན་རྒྱ་ཡིག་གི་སློབ་ཚན་ཚང་མ་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པ་ཞིག་ཏུ་བསྒྱུར་ནས་སློབ་མ་ཚོས་བག་ཕེབས་སྤྲོ་སྣང་གི་ཁོར་ཡུག་ཁྲོད་ནས་ཤེས་བྱ་དེ་བས་མང་བ་སྦྱོང་ཐུབ་པ་བྱུང་།

སློབ་སྐྱོར་ནི་བློས་གཏོང་ཞིག་ཡིན་ལ་གྲུབ་འབྲས་ཤིག་ཀྱང་ཡིན། ཡུའེ་པོ་ཡིས་རོང་བྲག་རྫོང་ལ་སློབ་སྐྱོར་བྱེད་རིང་སློབ་གསོའི་འདུ་ཤེས་གསར་པ་ཁྱབ་སྒྲོག་དང་སྔར་མེད་ཀྱི་གསོན་ཤུགས་གསར་པ་ཞིག་བསྩལ་ཡོད། ཁོང་གིས་གསར་འགོད་པར་རང་ཉིད་ནི་དགེ་རྒན་ཞིག་ཡིན་ལ་ཕོ་ཉ་ཞིག་ཀྱང་ཡིན་པའི་རེ་བ་བྱེད་ཀྱི་ཡོད། སློབ་སྟེགས་དང་ས་སྨྱུག་དཀར་པོས་ཕུའུ་ཅང་རྫོང་དང་རོང་བྲག་རྫོང་གཅིག་ཏུ་སྦྲེལ་ནས་ཕུགས་བསམ་དང་དད་སེམས་མཐོ་སྒང་དུ་འདྲེན་པ་དང་། ཕུགས་འདུན་དང་སྟོབས་ཤུགས་ཕྱིར་བསྒྲག་རྒྱུ་ནི་ང་རང་འདིར་ཡོང་བའི་དོན་སྙིང་ཞིག་རེད་ཅེས་བཤད།

ལྷག་བསམ་ཟོལ་མེད་དཀར་མཛེས་ཁུལ་གྱི་སློབ་གསོར་ཕུལ་བའི་མི་རབས་གཉིས་ཀྱི་གཏམ་རྒྱུད།

དམིགས་བསལ་བརྩེ་བ་འདོར་ཐབས་བྲལ།།  གནས་མཆོག་དཀར་མཛེས་བསྐྱར་དུ་ཕེབས།།

2008ལོའི་ཟླ་བ6པར་རོང་བྲག་རྫོང་དུ་སློབ་སྐྱོར་མཇུག་འགྲིལ་རྗེས་ཡུའེ་པོ་ཕུའུ་ཅང་རྫོང་དུ་ལོག་ཀྱང་། སེམས་ཀྱི་གཏིང་ནས་སྔར་བཞིན་དཀར་མཛེས་ཁུལ་ལ་བྲལ་ཐབས་མེད་པའི་དམིགས་བསལ་གྱི་བརྩེ་སེམས་བཅངས་ཡོད། 2022ལོར་རྩ་འཛུགས་ཀྱིས་ལྕགས་ཟམ་རྫོང་དུ་སློབ་སྐྱོར་དགེ་རྒན་འདེམས་མངགས་བྱེད་བཞིན་ཡོད་པའི་གནས་ཚུལ་ཤེས་སྐབས་ཁོང་གིས་སླར་ཡང་རང་འགུལ་ངང་རེ་འདུན་ཞུས་ནས་ལྕགས་ཟམ་རྫོང་ལ་རོགས་སྐྱོར་བྱ་རྒྱུའི་རེ་ཞུ་ཡི་གེ་ཕུལ་བས་ཁོང་གི་བསམ་དོན་སླར་ཡང་གྲུབ་ནས་ལྕགས་ཟམ་རྫོང་གི་སློབ་སྐྱོར་དགེ་རྒན་ཞིག་ཏུ་གྱུར།

ཡུའེ་པོ་ཡིས་གངས་དཀར་རི་བོ་སློབ་ཆུང་ལོ་རིམ་ལྔ་པའི་སྐད་ཡིག་དགེ་རྒན་གྱི་འགན་ཁུར་བ་དང་། ཁོང་གིས་དཔེ་དེབ་ཏུ་ཡོད་པའི་ཤེས་བྱ་ཁོ་ནར་འགྲེལ་བཤད་བརྒྱབ་པ་ཙམ་གྱིས་སློབ་ཁྲིད་ཀྱི་ཕན་འབྲས་དེ་ཙམ་ཡག་པོ་མི་ཐོན་པ་ཐག་ཆོད་རེད། ལྕགས་ཟམ་སློབ་གྲྭ་ཁག་གི་ཕྱིའི་མཁྲེགས་ཆས་སྒྲིག་བཀོད་ཡག་པོ་ཡོད་ཅིང་མི་འདང་ས་ནི་སློབ་ཁྲིད་ཀྱི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་དེ་རེད་ཅེས་བཤད། སློབ་གཞི་རྒྱ་སྐྱེད་ཇི་ལྟར་གཏང་དགོས་པ་དང་། སློབ་ཁྲིད་དུ་སློབ་མའི་སྤྲོ་སྣང་ཇི་ལྟར་བྱས་ནས་གསོ་སྐྱོང་ཐུབ་པ་སོགས་ཀྱི་གནད་དོན་དེ་ཚོ་ཐག་བཅད་དེ་རང་ཉིད་ཀྱི་སློབ་ཁྲིད་ཞིབ་འཇུག་ཆུ་ཚད་སྔར་བས་མཐོ་རུ་གཏོང་བའི་ཆེད། ཁོང་གིས་རྟག་ཏུ་སློབ་གྲྭ་དེའི་དགེ་རྒན་གཞན་གྱི་སློབ་ཚན་ལ་ཉན་པ་དང་། སློབ་དཔྱོད་ཁང་གི་དགེ་རྒན་དང་མཉམ་དུ་ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་སྤེལ་རེས། སློབ་ཁྲིད་ཁྲོད་ཀྱི་གླེང་མང་བའི་གནད་དོན་གྲོས་བསྡུར། གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་བ་སོགས་བྱས་ནས་སློབ་ཁྲིད་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མཐུན་རྐྱེན་བསྐྲུན་པ་རེད།

སྐད་ཡིག་སློབ་ཁྲིད་བྱེད་པ་དང་ཆབས་ཅིག་ཁོང་གིས་ད་དུང་དེ་སྔའི་རོལ་དབྱངས་དགེ་རྒན་བྱས་མྱོང་བའི་ལེགས་ཆ་སྤྱད་ནས་སློབ་གྲྭའི་གླུ་གཞས་མཉམ་གཏོང་རུ་ཁག་གི་སྦྱོང་བརྡར་ནང་ཞུགས་པ་རེད། 2022ལོའི་ཟླ་བ11པར་ཁོང་གིས་བཀོད་འདོམས་བྱས་པའི་མཉམ་ལེན་རུ་ཁག་ལ་རང་ཁུལ་གྱི་བསྐྱང་བྱ་ལྔ་མཉམ་སྤེལ་ཞེས་པའི་སློབ་མའི་མཉམ་གཞས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

སློབ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། ཡུའེ་པོ་འཛིན་གྲྭའི་སློབ་མའི་ཁྱིམ་བདག་ཚོགས་པ་ནང་ཞུགས་ནས་ཁྱིམ་བདག་ཚོར་ཁྱིམ་ཚང་སློབ་གསོའི་ཤེས་བྱ་དང་བྱེད་ཐབས་དྲིལ་བསྒྲགས་བྱས་ཏེ་ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་སློབ་མ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། ཁོང་གིས་འབད་བརྩོན་བྱས་པར་བརྒྱུད་ས་གནས་དེ་གའི་ཁྱིམ་ཚང་མི་ཉུང་བ་ཞིག་ལ་རིམ་གྱིས་འགྱུར་ལྡོག་ཕྱིན་ནས་བྱིས་པའི་འཕེལ་རྒྱས་ཀྱི་འཆར་འགོད་ཐད་ཤེས་རྟོགས་གསར་པ་བྱུང་ཡོད།

སློབ་སྐྱོར་ཐེངས་གཉིས་བྱས་པའི་གྲུབ་འབྲས་སྐོར་གླེང་སྐབས་ཡུའེ་པོ་ཡིས་ཕུའུ་ཅང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་སློབ་སྐྱོར་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་སློབ་མའི་དགའ་

ཕྱོགས་དང་ཉེ་བར་བཅར་བའི་སློབ་གསོའི་བྱེད་ཐབས་དཀར་མཛེས་ཁུལ་དུ་སྤེལ་ནས་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱ་རྒྱུའི་བསམ་བློ་ཐོག་མཐའ་བར་གསུམ་དུ་འཆང་བཞིན་ཡོད་ཅེས་བཤད་པ་རེད།

ཤོག་བུ་སྣུམ་ཟོས་འོག་ཏུ་ནི།།  ཕ་ཤུལ་བུ་མོས་འཛིན་པར་བྱེད།།

ལོ་བཅུ་ལྷག་གི་དུས་ཚོད་ཁྲོད་ཡུའེ་པོ་ཡིས་དཀར་མཛེས་ཁུལ་ལ་བཅངས་པའི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་པར་མ་ཟད། ཁོང་གི་ཉེ་འགྲམ་གྱི་མི་ལ་ཡང་རིམ་བཞིན་ཤུགས་རྐྱེན་ཐེབས་ཡོད། ཡུའེ་པོ་ཡི་བུ་མོ་ཡུའེ་ཨའེ་ཞུའེ་ནི་དགེ་འོས་སློབ་མ་ཞིག་ཡིན་ལ་ཨ་ཕའི་རྗེས་སུ་འབྲངས་ནས་རང་ཁུལ་ལ་ཡོང་སྟེ་དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་གི་རྫས་འགྱུར་དགེ་རྒན་གྱི་འགན་ཁུར་བཞིན་ཡོད། གསར་འགོད་པས་ཡུའེ་ཨའེ་ཞུའེ་ལ་དཀར་མཛེས་ཁུལ་དུ་དགེ་རྒན་བྱེད་སར་ཡོང་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པ་ན། མོ་རང་གིས་དྲིན་ཆེན་ཨ་ཕ་དཀར་མཛེས་ཁུལ་ལ་སློབ་སྐྱོར་ཐེངས་དང་པོ་སོང་དུས་ནས་བརྗོད་དགོས་ལ། ཨ་ཕས་སློབ་སྐྱོར་དུས་རིམ་གྱི་འདྲ་པར་དང་གཏམ་རྒྱུད། དཔེ་དེབ་བཅས་ཁྱེར་བྱུང་། དེ་གའི་རྒྱལ་རོང་གི་སྲོལ་རྒྱུན་རིག་གནས་དང་མཐོ་སྒང་མཛེས་ལྗོངས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག། ཨ་ཕས་ལྕགས་ཟམ་རྫོང་དུ་སློབ་སྐྱོར་བྱེད་རིང་ནམ་རྒྱུན་ང་ལ་དེ་གའི་འཚོ་བ་དང་མྱོང་ཚོར་བགོ་སྐལ་དུ་བསྩལ་བར་བརྟེན་ངའི་ཡིད་དབང་འཕྲོག་སྟེ་གཞི་ནས་དཀར་མཛེས་ཁུལ་དུ་ཡོང་བའི་སེམས་ཐག་བཅད་པ་ཡིན་ཞེས་བཤད་པ་རེད། དེ་ནས་ཡུའེ་ཨའེ་ཞུའེ2021ལོར་དམིགས་བསལ་ལས་གནས་ཀྱི་དགེ་རྒན་རྒྱུགས་ཁྲོད་ཞུགས་ནས་རྒྱུགས་འཕྲོད་དེ་ལྕགས་ཟམ་རྫོང་གི་དགེ་རྒན་ཞིག་ཏུ་གྱུར། མོས་གསར་འགོད་པར་གྲོང་གསེབ་དང་གྲོང་ཁྱེར་གང་ཡིན་རུང་ཕ་མ་ཡོད་ས་ནི་ཕ་ཡུལ་ཡིན་པས་ད་ལྟ་ལྕགས་ཟམ་རྫོང་ནི་ངེད་ཁྱིམ་ཚང་གི་ཕ་ཡུལ་གཉིས་པར་གྱུར་ཡོད་ཅེས་བཤད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སེང་དུ་མི་དམངས་གཙོ་བོར་བཟུང་ནས་སློབ་གསོ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། སློབ་གསོ་དྲང་གཞག་ཡོང་བར་སྐུལ་སྤེལ་གཏང་དགོས་ཞེས་བསྟན་ཡོད།

ལོ་མང་རིང་ལ་ཡུའེ་པོ་དང་ཁོང་གི་བུ་མོ་ལྟ་བུའི་ཕུའུ་ཅང་དགེ་རྒན་ཁག་གཅིག་གིས་ཤུགས་ཡོད་རྒུས་སྔོན་ཐོན་སློབ་གསོའི་འདུ་ཤེས་བརྒྱུད་བསྒྲགས་དང་ཕན་འབྲས་ཐོན་པའི་སློབ་གསོ་བྱེད་སྟངས་ལད་སྤེལ་བྱས་ཏེ། སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པའི་ལེགས་སྐྱེས་ཆེན་པོ་ཕུལ་དང་འབུལ་བཞིན་ཡོད་པ་རེད།

སློབ་སྐྱོར་དགེ་རྒན་ཞིག་བྱེད་པ་ནི་ང་ཚོའི་འགྱོད་པ་མེད་པའི་གདམ་ག་ཞིག་ཡིན། དཀར་མཛེས་ཁུལ་གྱི་སློབ་སྐྱོར་འཚོ་བའི་འོད་ཟེར་གྱིས་ང་ཚོའི་སླད་ཕྱིན་གྱི་མི་ཚེའི་མདུན་ལམ་ལ་འོད་སྣང་སྦྱིན་རྒྱུ་རེད་ཅེས་ཡུའེ་པོ་ཡིས་མཇུག་ཏུ་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད་དོ།།




  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་སོ་སོས་འོས་འགན་ཤིང་སྡོང་བཙུགས་ནས་ས་གཞིར་སྔོ་ལྗང་བཀླུབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།