མདོག་འགྱུར་བའི་ས་བཀྲ།

གཞི་ཚང་ཟླ་བ་གྲགས་པ།        2023-04-19

༼ ཞར་བཀོད་གཉིས། ༽

ཞོགས་ཟིལ་གྱིས་བྲན་པའི་རི་དང་ལུང་པ།

མ་གཞིར་སྔོན་པོ་ཡིན་འོས།

ཟླ་བ་བཞི་པའི་རྩྭ་ཐང་དུ་ཉི་འོད་འཁྱིལ་བ་བཞིན།

སྔོ་ལྗང་ལྗང་དེ་ཡིན་འོས།

ཁ་དོག་མེད་པའི་དུ་སྨུག་རློན་པ།

ཤར་ལུས་འཕགས་པོ་ནས་བྱང་སྒྲ་མི་སྙན།

ནུབ་བ་ལང་སྤྱོད་ནས་ལྷོ་འཛམ་བུ་གླིང་།

གླིང་ཆེ་ཆུང་གྲངས་མེད་ཅིག་བརྒལ་རྗེས་

དཀར་པོར་གྱུར།

དེ་ནི་གངས་ལ་ཉི་འོད་ཕོག་པས་མ་ཡིན་པར།

གཡའ་དག་པའི་ནམ་མཁར་སྤྲིན་པ་

འཁྲིགས་སྟངས་ཤིག་རེད།

ལྗགས་མཆིལ་ཁོག་ཏུ་མིད་མ་ཁོམ་

པར་སེར་པོར་འགྱུར་འགོ་བརྩམས།

དེ་ནི་དགུན་ཁ་ནས་སྟོན་ཀ་ཚེས་པ་དང་འདྲ།

གོ་ལྡོག་པའི་སྟོན་ཀ་ཚེས་སྟངས་འདིས།

རྩྭ་འཇག་མའི་སྟེང་ཆགས་པའི་བྱེའུ་ཚོགས།

ལྷགས་རླུང་ཤིག་ཤིག་དང་མཉམ་དུ་འདར་ཡེར་ཡེར།

སེར་པོ་ནས་དཀར་པོ།

དཀར་པོ་ནས་སླར་ཡང་སྔོན་པོར་

འགྱུར་བསམས་ཀྱང་།

ལག་པས་རེག་མི་ཐུབ་པ་བཞིན་སེར་པོ་

ནས་དམར་པོར་གྱུར།

སྨག་ནག་པའི་མཚན་མོར་རྒྱུ་བའི་རླུང་བུ་ལྡོམ་པོ།

ས་ཆེན་པོའི་ཚ་གདུང་སེལ་བྱེད་དེ་མ་ཡིན་པར།

སོས་ཀ་ནས་དབྱར་ཀར་ཆས་བཞིན་པའི།

རྩྭ་དང་རྩི་ཤིང་གི་མཇིང་བར་རལ་གྲི་

གཡུག་སྟངས་ཤིག་རེད།

ཀྱེ་ཀྱེ།

ངའི་སྤྱི་གཙུག་གི་ཉི་ཟླ་སྐར་གསུམ།

དམར་པོ་ནས་ནག་པོ་ནག་རྐྱང་ཞིག་ཏུ་

མ་འགྱུར་རོགས།

ཁྲག་དྲི་འཐུལ་བའི་ངན་སོང་གི་གྲོང་དང་གྲོང་ཁྱེར།

སྔོ་ལྗང་ལྗང་གི་དབྱར་ཀར་བསྒྱུར་རོགས།

ཐག་རིང་འགྲོ་དགོས་པའི་ས་སྲོད་ཀྱི་ཅོང་

བརྡ་གྲག་མ་རན་སྔོན།

ང་ཚོར་སྔར་བཞིན་འཇིག་རྟེན་གྱི་

འོད་སྣང་བསྩལ་རོགས།

ནད་འབུ།

བང་རྩལ་འགྲན་པ་བཞིན།

ག་གེ་མོའི་ནད་འབུ་དག་འཆི་བཞིན་འདུག

ཕྱི་དབུགས་ཆད་དེ་ལུས་ཀྱི་བྱ་བྱེད་འགགས།

ནང་དབུགས་ཆད་དེ་གཤིན་དྲི་ངན་པ་མཆེད།

གསང་དབུགས་ཆད་དེ་ལུས་ཀྱི་དྲོད་ཡལ་

ནས་ཤི་སོང་ཟེར།

ཤི་ཚར་རྗེས།

གསོན་ཐབས་མེད་ཀྱང་།

ཚོགས་དྲུག་གི་རྒྱུ་བ་འགགས་ཏེ་དྲན་པ་བརྒྱལ་རྗེས།

སླར་སད་ཀྱང་སྲིད་དོ།

བསམ་གཞིག།

ཆེས་འཇིགས་ཡེར་བ་ནི།

འབུ་སྲིན་གྱིས་ཤ་དྲོད་བོར་བའི་ཁ་ཆེན་

པོ་གདངས་པ་མ་ཡིན་པར།

ཚེ་སྲོག་ནི་ཤིང་བལ་ལས་ཀྱང་ཡང་

ཞིང་གཡོ་སླ་བ་དེ་རེད།

ཆེས་འཇིགས་ཡེར་བ་ནི།

ཁྲག་ཐིགས་ཀྱིས་ཟིན་པའི་གསར་

འགྱུར་ཁ་མོ་དག་མ་ཡིན་པར།

ཁ་ཆར་འབབ་དུས་འབུ་གྲོག་མའི་བརྟུལ་ཞུགས་

སྐྱོང་མི་ཐུབ་པ་དེ་རེད།

ཆེས་འཇིགས་ཡེར་བ་ནི།

གྱང་རྩར་ཉི་འོད་ལྡེ་མ་ཐུབ་པ་མ་ཡིན་པར།

དགུན་ཁར་གངས་གྲོང་དུ་ཁ་བ་མི་

འབབ་པ་དེ་རེད།

ཆེས་འཇིགས་ཡེར་བ་ནི།

གཡུལ་ས་ནས་འཐབ་རྩོད་ཡང་ཡང་

བྱེད་དགོས་པ་མ་ཡིན་པར།

འབུ་སྲིན་དག་ཤི་ཚུལ་བསྟན་ཏེ་

འདས་ལོག་འབྱུང་སྲིད་པ་དེ་རེད།



  • ལེ་ཚན་སྔོན་མ།:འཚོ་བའི་རླབས།
  • ལེ་ཚན་རྗེས་མ།:སེམས་ཀྱི་རྨ་ཁ་ཟབ་མོ།