འབའ་ཐང་ནས་ཟླ་ཆུ་བར་གྱི་གློག་སྐུད་ལས་གྲྭ་གལ་ཆེན་སྤྱོད་འགོ་བཙུགས།

    ཁམས་པའི་འཛུམ་རིས།    2023-04-18

     རྒྱལ་ཁབ་གློག་དྲྭ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲྭ་འབའ་ཐང་ནས་ཟླ་ཆུ་བར་གྱི་སྟོང་ཧྥུ500ཡི་གློག་སྐུད་ལས་གྲྭ་སྤྱོད་འགོ་ཚུགས་ཤིང་། སི་ཁྲོན་དང་བོད་ལྗོངས་ས་གནས་གཉིས་ལ་སྟོང་ཧྥུ500ཡི་གློག་འདྲེན་བགྲོད་ལམ་བསྣན་ཏེ། རྒྱལ་ཁབ་གློག་དྲྭས་སི་ཁྲོན་གློག་དྲྭའི་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་སྒང་ཡིན་པ་རེད།

    འབའ་ཐང་ནས་ཟླ་ཆུའི་བར་གྱི་སྟོང་ཧྥུ500ཡི་གློག་སྐུད་ལས་གྲྭ་དེ་སི་ཁྲོན་འབའ་ཐང་གློག་སྒྱུར་ས་ཚུགས་ནས་འགོ་བཙུགས་ཏེ། བོད་ལྗོངས་ཟླ་ཆུའི་གློག་སྒྱུར་ས་ཚུགས་བར་ཡིན་པ་རེད། གློག་སྤྱོད་འགོ་ཚུགས་རྗེས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་གློག་དྲྭའི་ཕན་ཚུན་རོགས་སྐྱོར་ནུས་པ་ལྡབ་གཅིག་འཕར་ཏེ། བོད་ལྗོངས་ཀྱི་དབུས་ཤར་རྒྱུད་ཀྱི་གློག་སྤྱོད་དང་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་དགོས་མཁོ་སྔར་བས་སྐོང་ཐུབ་རྒྱུ་རེད།

     མིག་སྔར། རྒྱལ་ཁབ་གློག་དྲྭས་སི་ཁྲོན་དུ་དུས་གཅིག་ཏུ་སི་ཁྲོན་དང་ཁྲུང་ཆིང་གི་ཆེས་མཐོ་གནོན་གྱི་གློག་ཤུགས་དང་ཕན་ཀྲི་ཧྭ་དང་ཞི་ཁྲང་གི་གློག་དྲྭ་ལེགས་སྒྱུར་སོགས་གཙོ་གནད་ལས་གྲྭ་བསྐྲུན་བཞིན་ཡོད། དེའི་ནང་སི་ཁྲོན་དང་ཁྲུང་ཆིང་གི་ཆེས་མཐོ་གནོན་ལས་གྲྭ་སི་ཁྲོན་དང་ཁྲུང་ཆིང་གི་གློག་ཁུངས་དང་གློག་ཤུགས་ཐེག་ཚད་ལྟེ་གནས་དང་སྦྲེལ་པ་སྟེ། རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཆེས་མཐོ་གནོན་གྱི་གློག་ཤུགས་སྤེལ་རྒྱུག་ཐོག་མ་དེ་ཡིན་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར288བཏང་བ་རེད། སྔོན་དཔག་བྱས་ན2025ལོའི་དབྱར་དུས་གློག་སྤྱོད་མང་ཆེ་བའི་སྔོན་ནས་གློག་གཏང་རྒྱུ་ཡིན་པ་རེད། ཕན་ཀྲི་ཧྭ་དང་ཞི་ཁྲང་གི་གློག་དྲྭ་ལེགས་སྒྱུར་ལས་གྲྭ་ནི་རྒྱལ་ཁབ་གློག་དྲྭའི་གཙོ་གནད་ལས་གྲྭ་ཞིག་ཡིན་པ་དང་། མིག་སྔར་ལྕགས་སྒྲོམ་འཛུགས་པ་དང་གློག་སྐུད་འཁྲིད་པའི་དུས་རིམ་དུ་སླེབས་ཡོད་ཅིང་། ལས་གྲྭ་དང་པོ་ད་ལོའི་སྤྱི་ཟླ9པར་སྤྱོད་འགོ་ཚུགས་རྒྱུ་རེད།

འབའ་ཐང་ནས་ཟླ་ཆུ་བར་གྱི་གློག་སྐུད་ལས་གྲྭ་གལ་ཆེན་སྤྱོད་འགོ་བཙུགས།

   རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་གསར་འགྱུར་མགྲིན་ཚབ་པ་ལུའོ་ཞའོ་དབྱིན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལ། རྒྱལ་ཁབ་གློག་དྲྭས་སི་ཁྲོན་དུ་མ་དངུལ་འཇོག་གྲངས་སྔོན་དཔག་བྱས་ན་སྒོར་དུང་ཕྱུར1800བཏང་སྟེ། སི་ཁྲོན་གྱི་གློག་དྲྭ་རིམ་ཁག་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏང་བ་དང་། ས་ཁོངས་གློག་དྲྭའི་དྲྭ་སྒྲོམ་གྱི་གྲུབ་ཆ་ལེགས་སུ་གཏང་བ། གཞི་ཁྱོན་དེ་བས་ཆེ་བའི་ནུས་རྒྱུ་གཙང་མ་གསར་སྤེལ་བྱ་རྒྱུར་འདེགས་སྐྱོར་བྱས་ཏེ། ཆེས་མཐོ་གནོན་གྱི་སྤེལ་རྒྱུག་དྲ་བ་གཙོ་བོར་བྱས་པའི་ཁེབས་རྒྱ་དེ་བས་ཆེ་བ་དང་།གློག་ཤུགས་མཁོ་འདོན་གྱི་ནུས་པ་དེ་བས་ཆེས་བའི་གློག་དྲྭ་ཆེན་པོ་ཞིག་རིམ་བཞིན་ཆགས་པ་བྱ་རྒྱུ་རེད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྲོས་ཚོགས་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།