ཁམས་པའི་འཛུམ་རིས། 2023-04-18
ཕྱག་ཕྲེང་རྫོང་གི༡༩༩༡ནས༢༠༠༥ལོའི་རྫོང་གི་ལོ་རྒྱུས་ལྟར་ན། (ཤོག་གྲངས་༥ལས།)ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ། (སྤྱི་ལོའི་གོང་གི་དུས་རབས་བརྒྱད་པ་ནས་སྤྱི་ལོའི་གོང་གི་དུས་རབས་གསུམ་པའི་བར།)ཕྱག་ཕྲེང་རྫོང་གི་མངའ་ཁོངས་སུ་ལག་ཤེས་བཟོ་ལས་ཀྱི་དཔལ་འབྱོར་གྱིས་གཙོས་པའི་གྲལ་རིམ་གྱི་ཁྱད་པར་ཡོད་པའི་ཚོ་པའི་ཁྱུ་ཚོགས་གྲུབ་ཡོད། རྗེས་སུ་བ་ཡི་ལང་(བ་གླང་།)གི་ས་ཁོངས་སུ་གཏོགས་པ། ཐང་རྒྱལ་རབས་སྐབས་བོད་བཙན་པོའི་མངའ་ཁོངས་སུ་ཚུད། ཡོན་རྒྱལ་རབས་སྐབས་བོད་ཆོལ་ཁ་གསུམ་ལས་མདོ་སྟོད་མི་ཡི་ཆོལ་ཁའི་མངའ་ཁོངས་ཡིན། མིང་རྒྱལ་རབས་སྐབས་མདོ་ཁམས་དམག་ལས་འགོ་བའི་ཁོངས་སུ་གཏོགས། མིང་རྒྱལ་རབས་ཀྱི་གོང་མ་ཝན་ལིའི་སྲིད་ལོ་ལྔ་པར(༡༥༥༧ལོ)འཇང་ས་དམ་རྒྱལ་པོའི(རྒྱལ་པོའི་རུས་ལ་མུའུ་ཟེར་བ)མངའ་འོག་ཏུ་བསྡུས། མིང་རྒྱལ་རབས་ཀྱི་གོང་མ་ཁྲུང་ཀྲེན་ཁྲི་ལོ་བཅུ་གཉིས་པར་མཚོ་སྔོན་གྱི་སོག་རིགས་ཧོ་ཤོད་ཀྱིས་དབང་དུ་བསྡུས། (སོག་པོའི་ཨོ་ལོད་ཟེར་བའི་སྤྱི་མིང་སྟེ། ནང་གསེས་ལ་ཧོ་ཤོད། ཇུན་གར། ཐོར་གོད། ཐུ་མེད་བཅས་ཚོ་པ་བཞི་ཡོད། མཚོ་སྔོན་དང་ཞིན་ཅང་ཕྱོགས་ཀྱི་འབྲོག་པར་བོད་སྐད་དུ་མདོར་བསྡུས་ཏེ་སྟོད་སོག་ཟེར་བ་དེ་ཉིད་ཡིན)༡༧༢༩ལོར་ལི་ཐང་ཞོན་ཧྥུ་སི་བཙུགས་པའི་མངའ་འོག་ཏུ་ཚུད་ཅིང་། ཀོང་ཞུས་སྲིད་ལོ་སོ་བཞི་པར་ཆ་ཕྲེང་རྫོང་གི་མིང་དེ་ཏིན་ཕྱག་རྫོང་ལ་བཅོས། སྐབས་དེར་འབའ་སྡེ་བའི་མངའ་འོག་ཏུ་ཚུད། མིང་གོ་སྲིད་ལོ་ཉེར་བརྒྱད་པ༡༩༣༩ལོར་ཞིས་ཁམས་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས། ༡༩༥༡ལོའི་ཟླ༧པར། ཆ་ཕྲེང་རྫོང་ཞེས་པར་མིང་བསྒྱུར། ༡༩༥༥ལོའི་ཟླ༡༠པ་ནས་ད་བར་སི་ཁྲོན་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས།
དེ་སྔ་བོད་ཡིག་ཐོག་ནས་ཕྱག་ཕྲེང་གི་མིང་འབྲི་སྟངས་ལ་ཕྱག་ཕྲེང་དང་། ཆ་ཕྲེང་། ཕྱྭ་ཕྲེང་། ཆ་འཕྲིན་བཅས་མི་འདྲ་བ་བཞི་ཙམ་མཐོང་།
༡༽ ཕྱག་ཕྲེང་ཞེས་པའི་སྐོར།
དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་ནང་ཕྱག་ཕྲེང་རྫོང་གི་ས་མིང་བཅོས་སྒྲིག་གི་ལས་ཞུགས་མི་སྣ་ཡིས་བཤད་པ་ལྟར་ན། ཡིག་རྙིང་ཞིག་ཏུ་ཕྱག་ཕྲེང་ཞེས་པ་བླ་མ་ག་གེ་མོ་ཞིག་གི་ཕྱག་ལག་གི་ཕྲེང་མ་ཆད་ནས་ས་ལ་འཐོར་བའི་ཕྲེང་རྡོག་ལས་ཡུལ་ཕྱོགས་སྟོད་སྨད་བར་གསུམ་དུ་བོ་དྷི་ཕྲེང་ཕུང་གང་མང་སྐྱེས་པས་ཕྱག་ཕྲེང་ཞེས་པའི་མིང་ཐོགས་ཞེས་བཀོད་ཡོད་པ་མཐོང་བས་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་ནང་གོང་རིམ་ལ་ཞུ་ཡིག་ཕུལ་ནས་དེ་སྔའི་ཆ་ཕྲེང་ཞེས་པ་དེ་ཕྱག་ཕྲེང་ལ་བཅོས་པ་ཡིན་ཟེར། འོན་ཀྱང་། དཔྱད་གཞིའི་ཡིག་ཆ་རྙིང་པ་དེ་གར་སོང་ཆ་མེད་དུ་གྱུར་ཏེ་ད་ལྟ་ལག་ཏུ་མ་སོན་ཟེར།
དེང་སང་ཕྱག་ཕྲེང་རྫོང་རིག་གནས་དྲིལ་བསྒྲགས་སྡེ་ཁག་ནས་ཕྱག་གི་ཕྲེང་མ་ཆད་སོང་བའི་བླ་མ་དེ་ཀརྨ་པ་དུས་གསུམ་མཁྱེན་པ(སྤྱི་ལོ་༡༡༡༠ནས་༡༡༩༣)ཡིན་པར་བསྒྲགས་ཤིང་། དེ་དང་འབྲེལ་བའི་གཏམ་རྒྱུད་སྙན་མོ་ཞིག་འཆད་བཞིན་ཡོད།
སྨྱུག་འཛིན་པས་རྩད་གཅོད་པ་ལ། དུས་རབས་བཅུ་གཉིས་པའི་སྐབས་སུ་ཀརྨ་པ་དུས་གསུམ་མཁྱེན་པ་ཕྱག་ཕྲེང་སོགས་ཁམས་ལྷོ་རྒྱུད་དུ་མི་ལོ་ཉི་ཤུ་ཙམ་བཞུགས་ནས་འགྲོ་དོན་བསྐྱངས་ཤིང་། སྐབས་དེར(སྤྱི་ལོ་༡༡༦༩ལོ། )འདབ་པ་རྫོང་སྤང་ཕུ་བྲག་སྟེང་དགོན་པ་ཕྱག་བཏབ། དེ་ནས་ཕྱག་ཕྲེང་དུ་ཞབས་བཅགས་པས་ས་དང་པོར་བཅགས་པའི་བཅགས་སྒང(དེང་སང་ཤམ་བྷ་ལ་གྲོང་རྡལ་གྱི་འབུར་གསར་གྲོང་པ།)དང་། གཉིས་པར་བཅགས་པའི་བཅགས་ས། (དེང་སང་ཤམ་བྷ་ལ་གྲོང་རྡལ་གྱི་དགོན་གསར་གྲོང་པ།)གསུམ་པར་བཅགས་པའི་བཅགས་ར(དེང་སང་ཕྲེང་སྟོད་གྲོང་རྡལ་གྱི་གྲོང་སྟོད་གྲོང་པ།)བཅས་ལས། བཅགས་ར(དེང་སང་ལྕགས་རི་ཞེས་བྲིས་པ་མང་།)ལ་ཕེབས་ནས་བཀའ་ཆོས་གསུང་པའི་མཚམས་ཤིག་ལ། ཕྱག་ལག་གི་བོདྷིའི་ཕྲེང་མ་ཐོར་ནས་ཕྲེང་རྡོག་གཉིས་གར་སོང་ཆ་མེད་དུ་གྱུར། ཕྱིས་སུ་བོདྷིའི་ཕྲེང་ཕུང་གཉིས་སྐྱེས་པ་ལ་བཅགས་ར་ཕྲེང་མ་དང་ཚེ་འཕེལ་ཕྲེང་མ་ཞེས་གྲགས་པ་དུས་ད་ལྟའང་མཇལ་རྒྱུ་ཡོད། ཕྲེང་ཕུང་དེ་གཉིས་ཀྱི་འབྲས་བུ་ར་ལུག་གིས་བཟས་ཤིང་རིལ་མར་བཏང་ནས་ཕྱག་ཕྲེང་གཤོག་ཆུའི་གཡས་གཡོན་གང་སར་ཁྱབ། དེ་ནས། ས་ཕྱོགས་འདིའི་མིང་ལའང་ཕྱག་ཕྲེང་ཞེས་ཐོགས་པར་གྲགས།
དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་སྐྱེ་གྲལ་དུ་རློམ་པའི་གྱི་ན་པ་ཞིག་གིས་རང་གི་ངང་ཚུལ་མ་བཅོས་ལྷུག་པར་བཀོད་པ་འཁྲུལ་སྣང་སྒྱུ་མའི་ཟློས་གར་ཞེས་བྱ་བ་ལས། (ཡོངས་རྫོགས་བསྟན་པའི་མངའ་བདག༧ སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་གསུང་འབུམ།( ང་།)ལྷག་པར་ལྕགས་ར་ལྷ་ཁང་ཞེས་པ་སྔར་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་(སྤྱི་ལོ༡༤༡༦ནས་༡༤༥༣) གནས་དེར་ཕེབས་ནས་དགུན་ཐོག་གཅིག་རིང་བཞུགས་ཤིང་། ཕྱག་ཕྲེང་རྡོག་པོ་ས་ལ་བཏབ་པ་ལས་སྐྱེས་པའི་བྷོ་དྷི་རྩེའི་ལྗོན་པ། མཐོང་བ་དོན་ལྡན་གྱི་འདྲ་སྐུ་བྱིན་ཅན་སོགས་ཡོད་པ་དེར་ཞག་རེ་ཟུང་བསྡད་ཅེས་གསུངས།
ཡིག་ཆ་གཞན་ཞིག་ཏུ་ཕྱག་ལག་གི་ཕྲེང་ཐག་ཆད་སོང་བའི་བླ་མ་དེ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་ཡིན་ཞེས་བཀོད་འདུག།
དེས་ན། བོ་དྷིའི་ས་བོན་ལྷུང་མཁན་ཡང་ཀརྨ་པ་མི་འདྲ་བ་གསུམ་བྱུང་ཞིང་། ཀརྨ་པ་དུས་གསུམ་མཁྱེན་པ་དང་མཐོང་བ་དོན་ལྡན་བར་ཁྱད་པ་མི་ལོ་སུམ་བརྒྱ་ཙམ་ཡོད། ཀརྨ་པ་མཐོང་བ་དོན་ལྡན་ཕྱག་ཕྲེང་དུ་ཕེབས་ཡོད་པ་གསལ་པོ་ཡིན་ཡང་། དེ་སྔ་ཀརྨ་པ་དུས་གསུམ་མཁྱེན་པ་ཕྱག་ཕྲེང་དུ་དངོས་སུ་ཕེབས་པའི་ཡིག་ཆ་ཁ་གསལ་པོ་མ་རྙེད། འོ་ན། བཅགས་ར་ལ་ཡོད་པའི་ཕྲེང་ཕུང་དེ་གཉིས་ཀྱི་འབྲས་བུ་ཐོག་མར་འདེབས་མཁན་སུ་ཡིན་རྒྱུ་རེད། ངས་བསམ་ན་ཕྲེང་ཕུང་དེ་གཉིས་དུས་ད་ལྟའང་མཇལ་རྒྱུ་ཡོད་པས། དེང་རབས་ཚན་རིག་གི་ལག་ཆ་ལ་བརྟེན་ནས་བརྟག་དཔྱད་ཞིབ་འཇུག་ཅིག་བཟོས་ན་ཕལ་ཆེར་ལན་གསལ་པོ་ཞིག་རྙེད་རྒྱུ་རེད་སྙམ།
ཕྱག་ཕྲེང་གི་མཁས་པ་མང་པོ་ཞིག་ཕྱག་ཕྲེང་ཞེས་བྲིས་པ་ལ་མོས་མཐུན་མི་འདུག། རྒྱུ་མཚན་ནི་མིང་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་སུ་གསར་དུ་བཟོས་པ་ཞིག་ཏུ་སྨྲས་པ་དང་། གལ་སྲིད་ཀརྨ་པ་གང་རུང་གི་བོ་དྷིའི་ཕྲེང་རྡོག་ལས་ཕྱག་ཕྲེང་ཞེས་པའི་མིང་དེ་བྱུང་བའི་དབང་དུ་བཏང་ན། ཀརྨ་པ་མ་ཕེབས་གོང་ཕྱག་ཕྲེང་གི་སྣོད་བཅུད་ཆགས་མེད་དམ། ཕྱག་ཕྲེང་ལ་མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད་དམ་ཞེས་དྲི་བ་སྣ་ཚོགས་བཀོད་འདུག།
༢༽ ཆ་ཕྲེང་ཞེས་པའི་སྐོར།
ཆ་ཕྲེང་ཞེས་པའི་མིང་དེ་ལ་མི་མང་པོ་ཞིག་གིས་ཁས་ལེན་རྒྱབ་སྐྱོར་ཡོད་པ་ནི། ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་གི་གསུང་ཚིག་དེ་ཡིན་ཏེ། ཐོག་མར་ཡུལ་གྱི་མིང་ལ་ཆ་ཕྲེང་ཞེས་འཁོད་པའི་རྒྱུ་མཚན་ནི། ཆ་ཕྲེང་ལ་སྟོད་ཤོག་དང་སྨད་ཤོག། ཕྲེང་ཤོག། རག་ཤོག་སྟེ་ཤོག་ཁ་བཞི་ཡོད་པའི་སྟོད་ཤོག་དང་སྨད་ཤོག་གི་གྲོང་ཚོ་ཕལ་ཆེར་ཆ་ཕྲེང་གི་གཞུང་ཆུའི་ཤར་ནུབ་ཏུ་ཕན་ཚུན་ཐད་ཀར་ཆ་རེ་ཁེལ་བས་དེ་དག་སྤྱིར་ཆ་པ་ཞེས་དང་། ཕྲེང་ཤོག་དང་རག་ཤོག་གི་གྲོང་ཚོ་ཕལ་ཆེར་ཆུ་ཆེན་གྱི་ཤར་ངོས་ནས་རིམ་པར་ཕྲེང་བསྒྲིགས་སུ་ཆགས་པས་ཕྲེང་བ་ཞེས་གྲགས་པ་ཡིན། དེ་ཡང་ནང་གསེས་དབྱེ་ན་ཆ་ཤོག་དྲུག་དང་ཕྲེང་ཤོག་བདུན་ཡོད་ཅེས་གསུངས།
༣༽ ཕྱྭ་ཕྲེང་ཞེས་པའི་སྐོར།
ཕྱག་ཕྲེང་གི་མཁས་པ་འགའ་ཤས་ཀྱིས་ཡིག་རྙིང་ཁ་ཤས་སུ་ཕྱྭ་ཕྲེང་ཞེས་བྲིས་འདུག་གསུངས། དེ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ལས་བྱུང་བའི་ཕྱྭ་གཡང་གི་ཕྱྭ་དང་། ནག་རྩིས་ཀྱི་ནང་དུ། ཆོས་ཕྱྭ་དང་ནོར་ཕྱྭ། དོན་ཕྱྭ་ཞེས་པའི་ཕྱྭ་དེ་ཡིན་པ་འདྲ། ཐ་སྙད་དེ་ངེས་པར་ལོ་རྒྱུས་ཧ་ཅང་ཡུན་རིང་པོ་ཞིག་ཡིན་ཚོད་རེད། ཡིན་ན་ཡང་དེ་སྔ་ཕྱྭ་ཕྲེང་ཞེས་བཀོད་པའི་ཡིག་ཆ་ལག་ཏུ་མ་སོན།
༤༽ ཆ་འཕྲིན་ཞེས་པའི་སྐོར།
དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོའི་ཤོག་གྲངས་༢༩༨ལས། ཆ་འཕྲིན་བསམ་འཕེལ་གླིང་ནི། ཀར་ལུགས་རྒྱ་ཇ(རྒྱ་བྱ།)བའི་དགོན་རོ་ཞིག་ལ་དཔོན་མཁའ་འགྲོས་ཉམས་གསོས་ངོས། བླ་མར་ལྡབ་པ་བློ་བཟང་བསྟན་འཛིན་བསྐོས། དེ་ནས་བློ་བཟང་རྣམ་རྒྱལ། བཀྲ་ཤིས་རྒྱལ་མཚན། ད་ལྟ་སྤོ་འབོར་བློ་བཟང་དོན་རྒྱན། གཞིས་དགོན་སྔགས་གྲྭ་རྒྱུད་སྟོད་དང་ཉེ། གྲྭ་རྒྱུན་སེར་འབྲས་སུ་སྦོ་འབོར་དང་དགའ་ལྡན་དུ་གསེར་ཀོང་པ། དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར་ཞེས་གསུངས།
རང་ལུགས་ལྟར་ན། དེ་སྔ་ཡིག་ཆའི་རྒྱབ་རྟེན་མ་རྙེད་ཀྱང་། ཕྱྭ་ཕྲེང་ངམ་ཕྱག་ཕྲེང་དེ་གཉིས་གང་རུང་ཞིག་ཡིན་པར་འདོད། རྒྱུ་མཚན་ནི་སྐད་བརྡ་རིག་པའི་ལམ་ནས་དཔྱད་ན། ཕྱག་ཕྲེང་བ་རང་དང་དེའི་ཉེ་འཁོར་སྡེ་རོང་དང་། འདབ་པ། ལི་ཐང་། འབའ་པ། རྒྱལ་ཐང་སོགས་ཀྱིས་ཆ་ཕྲེང་ཞེས་པའི་སྒྲ་རྩ་བ་ནས་མེད་ཅིང་། ལུང་སྐད་ལྟར་ཕྱྭ་ལ་ཕ་ཡ་བཏགས་ས་ཝ་ཟུར་སྭ་([shɐ])འམ་ཕྱག་ལ་ཕ་ཡ་བཏགས་ས་ག་སག([sha] )ཅེས་པ་དང་། གནའ་སྲོལ་ལྟར་ཕྲེང་གི་ར་བཏགས་དང་ཡ་བཏགས་བརྗེས་ནས་ཕ་ཡ་བཏགས་ཆ་འབྲེང་བུ་ཆེ་ང་བཞག་ཆེང([tɕhɪ̃] )ཞེས་བཀླགས་པས། སྭ་ཆེང([shɐ tɕhɪ̃] )ངམ་སག་ཆེང([sha tɕhɪ̃])ཞེས་པའི་སྒྲ་དེ་རང་གྲུབ་ཡོད།
ཡིན་ནའང་ཆ་ཕྲེང་དང་ཆ་འཕྲིན་ཞེས་པ་དེ་གཉིས་ཇི་ལྟར་བཀླགས་ཀྱང་ས་གནས་རང་གི་སྒྲ་ལྟར་སྭ་ཆེང([shɐ tɕhɪ̃] )ངམ་སག་ཆེང([sha tɕhɪ̃)ཞེས་པའི་སྒྲ་འབྱུང་ཐབས་མེད། འོན་ཀྱང་དབུས་གཙང་སྐད་དུ་ཕྱག་ཕྲེང་ངམ་ཕྱྭ་ཕྲེང་ཞེས་པ་ངེས་པར་ཆ་ཕྲེང་དང་ཆ་འཕྲིན་གྱི་སྒྲ་ལ་འབྱུང་ངེས་ཏེ། ཕྱ་ལ་ཆ་ཡི་སྒྲ་རུ་བཀླགས་པ་ཡིན། དེས་ན་དབུས་གཙང་སྐད་ཀྱི་ཤུགས་རྐྱེན་ལས་ཕྱག་གམ་ཕྱྭ་ལ་ཆ་སྒྲར་བཀླགས་པས། ཆ་རྐྱང་ལ་བྲིས་པ་མིན་འགྲོ་སྙམ།
གང་ལྟར་ང་ཚོས་མིག་སྔར་འགྲེལ་བཤད་གསལ་པོ་བྱེད་མ་ཐུབ་པའི་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཡུལ་མིང་དང་དུད་མིང་། མི་མིང་གང་ཡིན་ཡང་ཨུ་ཚུགས་ཀྱིས་ད་ལྟའི་ཐ་སྙད་ལྟར་འགྲེལ་རྒྱུ་མེད་ལ། མིང་དེ་རིགས་ཀྱི་ཁུངས་ཇི་ལྟར་ཡིན་པ་རྩད་མ་ཆོད་ཀྱི་བར་འགྲེལ་བཤད་རྒྱག་མ་ཐུབ་ཀྱང་མིང་གི་སྒྲ་དང་དག་ཆ་རང་སོར་འཇོག་པ་ལས་གང་མོས་ལྟར་བསྒྱུར་བཅོས་མ་གཏོང་ན་ལེགས་སྙམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10