།སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ངོ་སྤྲོད་བསྡུས་པ།

        2021-03-03

    

།སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ངོ་སྤྲོད་བསྡུས་པ།


  ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ངམ་དཔལ་སྤུངས་དགོན་པ་ནི་བོད་ཆེན་པོའི་ལྗོངས་གླིང་ཁྲི་གོང་འོག་བར་གསུམ་དུ་དབྱེ་བའི་བར་མ། ཆུ་བཞིས་བཅད་པའི་སྒང་དྲུག་དུ་དབྱེ་བའི་མདོ་ཁམས་ཟལ་མོ་སྒང་སྟེ།འབྲི་ཀླིང་དང་། ཤར་ཟླའི་ཀླུང་ཆེན་པོ་གཉིས་ཀྱི་བར་དུ་ཚུད་པ་དེ་ལས་ཀྱང་གླིང་གི་ཡུལ་ཏེ་གཏེར་ལུང་འགའ་ཞིག་ལས་ཁམས་ཀྱི་རོང་ཆེན་བཞིའི་བྱེ་བྲག་བྱང་ཨ་ཏ་རོང་དུ་གསལ་བ། གཉན་ཆེན་པོ་ཟིལ་ཕྲོམ་རྡོ་རྗེ་གཡུང་དྲུང་དང་།གཉན་ལྡང་རྡོ་རྗེ་བློ་གྲོས་སོགས་ཀྱིས་བསྐྱངས་པ།  སྔོན་གྱི་གྲུབ་བརྙེས་ཀཿདམ་པ་བདེ་གཤེགས་དང་། ཕག་གྲུ། དུས་མཁྱེན། པཀྴི། བྱང་ཆུབ་གླིང་པ་སོགས་དམ་པ་མང་པོ་ཞབས་ཀྱིས་བཅགས་ས། ཕྱིས་སུ་མཁྱེན་ཀོང་མཆོག་གསུམ་གྱིས་རིས་མེད་སྤེལ་ས། ད་ལྟའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་དགེ་རྫོང་དཔལ་སྤུངས་ཤང་གི་ཁོངས་སུ་ཆགས།  དུས་རབས་བཅུ་གསུམ་པའི་ནང་དུ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པས་ཐོག་མར་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཕྱག་བཏབ་མཛད་ཅིང་དགོན་མིང་ལ་དཔལ་བྱང་ཆུབ་གླིང་ཞེས་གསོལ།  བོད་རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་༡༢༩༠ལོར་འབྲི་གུང་གླིང་ལོག་བྱུང་སྐབས་དགོན་འདི་ཡང་དཔལ་ལྡན་ས་སྐྱ་པའི་ལུགས་སུ་བསྒྱུར་ནས་དར་ཞིང་རྒྱས་པའི་སྐབས་སུ་མེར་ཤོར་ནས་ཤུལ་ཙམ་ལས་མེད་པར་གྱུར།      

     དེ་ནས་བོད་རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ༡༧༢༧ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྔོན་གྱི་དགོན་ཤུལ་དུ་དགོན་པ་གསར་དུ་བཞེངས་ཏེ།       སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་སྟོན་འཁོར་དང་བཅས་པས་དགོན་པ་བཏབ་པའི་ལེགས་སྐྱེས་དངོས་པོ་གྱ་ནོམ་པ་གནང་བ་དང་ཆབས་ཅིག་ཕྱི་འབྲོག་པདྨ་དཔོན་ཁག་རྣམས་དང་། ཨ་ལོ། དཔེ་ཝར་ཆུ་ཉིན་སྲིབ། ལྷ་རུ་བཅས་ཀྱིས་གཙོས་པའི་མཆོད་གཞིས་སྡེ་དུད་དང་བཙུན་ཁྲལ་སོགས་བཀས་བཅད་ཅིང་། དགོན་མིང་ཤར་སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་གསོལ། དེ་ནས་སྡེ་དགེ་ཆོས་རྒྱལ་རིམ་བྱོན་གྱིས་དབུ་བླར་བཀུར། དགོན་པའི་མཚན་དོན་ནི་ཐུབ་བསྟན་ཐེག་གསུམ་དཔལ་ཀུན་སྤུངས་པ། བཤད་སྒྲུབ་ལས་གསུམ་དཔལ་ཀུན་སྤུངས་པ།ཤིང་རྟ་བརྒྱད་ཀྱི་དཔལ་ཀུན་སྤུངས་པ། ཀ་ཆེན་བཅུའི་དཔལ་ཀུན་སྤུངས་པ། གནས་བཅུ་རིག་པའི་དཔལ་ཀུན་སྤུངས་པ་སྟེ་མདོར་ན་ཆོས་དང་རིག་གཞུང་གཞན་ཕན་གྱི་གཏེར་མཛོད་ཟབ་དགུ་ཀུན་གྱི་དཔལ་དང་ཡོན་ཏན་ཡེ་ཤེས་ཀྱི་བང་མཛོད་ཆེན་པོར་གྲགས།  དེ་ལྟར་སི་ཏུ་ཆོས་ཀྱི་འབྱུང་གནས་ནས་སི་ཏུ་སྐུ་ཕྲེང་རིམ་བྱོན་དང་། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནས་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན།  སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་ཡི་དབོན་པོར་གྱུར་པའི་སྐྱེ་སྲིད་རྣམས། རྫོང་སར་མཁྱེན་བརྩེའི་དབང་པོའི་ཐུགས་ཀྱི་སྤྲུལ་སྐུ་མཁྱེན་བརྩེ་སྐུ་ཕྲེང་རིམ་བྱོན། གཞན་ཡང་མཁན་སློབ་དུ་མ་དང་བཅས་པས་མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་གཙོས་གསར་རྙིང་རྒྱུད་སྡེ་ཁག་བཀའ་བརྒྱུད་སྤྱི་ལུགས་ལྟར་ལེགས་པར་བསྐྱངས་ཏེ་མར་ཤངས་གཉིས་ཀྱི་བཀའ་བརྒྱུད་པའི་གདམས་ངག་ཐམས་ཅད་འཆད་ཉན་སྒོམ་སྒྲུབ་བྱེད་ཡུལ་གདན་ས་དཔལ་སྤུངས་ཞེས་ཡོངས་སུ་གྲགས། དགོན་པ་འདི་ལ་འདུ་ཁང་ཆེན་མོ་དང་བཅས་གཟིམ་སྤྱིལ་ལྷ་ཁང་ཆེ་ཆུང་དུ་མ་དང་།པར་ཁང་དམ་ཆོས་བང་མཛོད།  བླ་བྲང་དཔེ་མཛོད་ཁང་ཆེན་མོ་བཅས་དཔེ་མཛོད་ཁང་དུ་མ། མགོན་ཁང་ཆེ་ཆུང་དུ་མ། ནཱ་རོ་དང་།  ནི་གུ །ཀུན་རིག།ཇོ་མོ་དགོན་བཅས་ཀྱི་སྒྲུབ་ཁང་བཞི།  ལྔ་རིག་སློབ་གླིང་དང་།  དཔེ་ཀློག་འཛིན་གྲྭ །དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་བཅས་ཁམས་ཚན་གསུམ། ཁམས་པ་མི་གསུམ་སོ་སོའི་དྲན་རྟེན་ཁང་བཅས་སོ་སོར་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པའི་རིས་སུ་བྲིས་པ་དང་། ལུགས་སུ་བླུགས་པའི་སྐུ་རྟེན་དང་ཐུགས་རྟེན་བྱིན་ཅན་དཔེ་ཟླ་བྲལ་བ་དང་། གསུང་རྟེན་མདོ་རྒྱུད་རིག་གནས་བཅས་གསུང་རབ་བྲིས་མ་པོད་ཁྲི་ཕྲག་བརྒལ་བ་དང་པར་ཤི་རིང་ཐུང་སྣ་ཚོགས་ཁྲི་བཅུ་གཉིས་ལྷག་བཅས་བཞུགས།   ཚེས་དུས་སྒྲུབ་མཆོད་ཀྱི་སྐོར་ལ་ཉིན་རེ་བཞིན་སྔ་དྲོར་ཐེག་ཆེན་གསོ་སྦྱོང་།  ཕྱི་དྲོར་སྐོང་གསོ།  ཟླ་བ་ཡར་མར་སོ་ཐར་གསོ་སྦྱོང་།  ཐུན་བཞིར་ཉམས་བཞེད། ལོ་དུས་ཀྱི་སྒྲུབ་མཆོད། ཟླ་དུས་ཀྱི་དུས་མཆོད་སོགས་བཀའ་བརྒྱུད་དགོང་མའི་སྲོལ་མ་ཉམས་པ་སྤེལ་བཞིན་ཡོད།

    གདན་ས་འདིའི་དགོན་ལག་གཙོ་བོ་ནི་གོང་དུ་འཁོད་པའི་མཆོད་གཞིས་དང་བཙུན་གྲལ་གྱི་ཁར་སྤུ་བོ་སྟོད་སྨད།  འདན་སྒ་སྐྱུར་གསུམ།རྡོ་སྟོད་སྨད།   རྒྱལ་རོང་རྒྱལ་ཁག །ལི་འདབ་གཇང་གསུམ། ཏྲེ་མི་ཉག་ནང་ཆེན་ལྷ་ཐོག་སོགས་ལ་དགོན་སྡེ་བརྒྱ་དང་བརྒྱད་ཅུ་ཆོས་སྡེ་ཆེན་པོ་བཅོ་བརྒྱད་གཙོས་པའི་བསིལ་ལྡན་ཁ་བའི་ལྗོངས་ཆེན་གྱི་ཁྱོན་ཀུན་ཏུ་སི་ཏུ་པཎ་ཆེན་གྱི་མཁྱེན་རབ་དང་མཛད་ཕྲིན་གྱི་སྣང་བ་ཕྱོགས་མེད་དུ་བརྡལ་བས་གསར་རྙིང་མཐོང་རྒྱུད་ཀྱི་ཕྱག་བཞེས།  ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས།    ཐུན་མོང་གནས་བཅུའི་རིག་པ་སོགས་གང་ལ་འཇུག་ཀྱང་ཆགས་ཐོགས་རྨོངས་པ་མཐུག་པོའི་གོ་སྐབས་མཐའ་དག་ལས་རིང་དུ་བྲལ་བར་བྱས། དགོན་པའི་གནས་ཀྱི་གཅོ་བོ་ནི་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཙཱ་འདྲ་རིན་ཆེན་བྲག །དེའི་གནས་ལག་དཔལ་དིལ་མགོ འབུར་མོ་བྲག།དཔལ་འོག་དཔལ་ར་བྲག ཨོ་ཁྲི་ར་ཧེ། ཨ་རབ་ཨན་ཕུག དཔལ་འབྱོར་ཞི་ཁྲོ་བྲག སོ་བྲམ་རིན་ཆེན་ཕུག སེང་གནམ་བྲག་སོགས་གནས་ཆེན་བཅོ་ལྔ་ཙམ་ཡོད་ལ།  ལུག་ལོ་ནམ་ཤར་དུ་ཙཱ་འདྲ་དང་། སྤྲེལ་ལོ་ནམ་ཤར་དུ་སེང་གནམ་བྲག་གི་གནས་འདུས་ལོ་ཡོན།  

     དུས་ཟིང་རྐྱེན་དབང་གིས་དགོན་པར་བཞི་རྒོལ་འགུལ་སྤྱོད་སྐབས་སུ་འདུ་ཁང་ཚོགས་ཆེན་གྱི་རྟེན་བརྟེན་པ་ཙམ་སྲུང་སྐྱོང་གནང་ཡང་། སྤྱི་ལོ་༡༩༦༦ལོའི་རིག་གནས་གསར་བརྗེའི་དུས་སུ་དགོན་པའི་རྟེན་བརྟེན་པ་དང་བཅས་པ་ཕངས་མེད་དུ་བརླབས་ཤིང་བཅོམ་ནས་མིང་གི་ལྷག་མ་ཙམ་དུ་གྱུར་ཀྱང་། ༡༩༨༠ལོར་སི་ཁྲོན་མི་དམངས་སྲིད་གཞུང་གིས་དགོན་དེ་ཉིད་ཞིང་ཆེན་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་གལ་ཆེའི་གྲས་སུ་བཞག་ཡོད་པ་དང་། ༡༩༩༣ལོར་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་དགོན་པར་ལྔ་རིག་སློབ་གླིང་འཛུགས་ཆོག་རྒྱུའི་གནང་བ་ཐོབ། ༡༩༨༡ལོ་ནས་བཟུང་དགོན་པའི་རྟེན་བརྟེན་པ་དང་བཅས་པ་བསྐྱར་དུ་བཞེངས་ནས་ཆོས་སྒོ་ཕྱེ་བ་དང་།  བླ་གྲྭ་སུམ་བརྒྱ་ལྷག་འདུས་ཏེ་དགོན་པ་དེའི་སྔོན་དུས་ཀྱི་བཤད་སྒྲུབ་ལས་གསུམ་གྱི་རྒྱུན་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ། མི་ཉམས་ཕན་པའི་འཚོ་སྐྱོང་བྱེད་བཞིན་གནས།  ༢༠༡༣ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་སྤུངས་དགོན་པ་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་གལ་ཆེའི་གྲས་སུ་བཞག་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:དཔལ་སྤུངས་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་ངོ་སྤྲོད་བསྡུས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།