རང་ཁུལ་གྱི་ས་གནས་སོ་སོས་འོས་འགན་ཤིང་སྡོང་བཙུགས་ནས་ས་གཞིར་སྔོ་ལྗང་བཀླུབས།

ཀུན་དགས་བསྒྱུར།        2023-04-19

ད་ལོ་ནི་དམངས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ནས་ལོ40འཁོར་བའི་ལོ་ཞིག་ཡིན་ཞིང་།དམངས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་དང་ནགས་སྐྲུན་གྱི་ལས་དོན་ལ་བསྐུལ་ནས་སྡོང་འཛུགས་ལྗང་འགྱུར་དང་སྐྱེ་ཁམས་ལེགས་གཏོང་གི་དུས་རབས་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཏན་ཏིག་ངང་འཁུར་ཆེད། ཉིན་ཤས་བསྟུད་མར་རང་ཁུལ་གྱི་ས་གནས་ཁག་གི་རྒྱ་ཆེ་བའི་ལས་བྱེད་ལས་བཟོ་བ་འོས་འགན་སྡོང་འཛུགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སླར་ཡང་ལྗང་མདོག་བསྣན་ཡོད།

སེར་ཤུལ་རྫོང་།

ཉིན་ཤས་གོང་སེར་ཤུལ་རྫོང་གིས་ངས་ཏང་དར་ལ་གཟི་བརྗིད་བསྣན་པ་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་ཀྱི་སེར་ཤུལ་འཛུགས་སྐྲུན་ལ་ལྗང་མདོག་གསར་པ་བསྣན་ཡོད།

ཤིང་འཛུགས་ནགས་སྐྲུན་དང་ས་ཆེན་ལྗང་བསྒྱུར་བྱེད་ཚེ་དེང་རབས་ལ་བྱས་རྗེས་དང་བསྐལ་བརྒྱར་ཕན་འབྲས་ཐོན་ཐུབ། ལོ་ཕྱུག་གྲོང་རྡལ་དགེ་པ་གྲོང་སྡེའི་ཡུལ་མི་རྡོ་བློས་ཤིང་འཛུགས་ནགས་སྐྲུན་ལས་དོན་ནི་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད།ང་ཚོ་ལོ་ལྟར་སྡོང་འཛུགས་བྱེད་སྒོའི་ནང་ཞུགས་ཀྱི་ཡོད་ཅེས་བཤད།

རྫོང་དེའི་ཞིང་ནགས་ལག་རྩལ་མི་སྣས་ཚེ་སྲོག་གི་ནུས་པ་ཆེ་བ་དང་།གསོན་སླ་བ།མཐོ་སྒང་གི་གནམ་གཤིས་ཁོར་ཡུག་དང་འཚམ་པའི་སྡོང་ཕྲུག་བདམས་པ་དང་ཡུལ་དངོས་སུ་མཛུབ་ཁྲིད་བྱས་ནས་སྡོང་ཕྲུག་གསོན་ཚད་མཐོ་རུ་བཏང་ཡོད།

སྡེ་དགེ་རྫོང་།

སྤྱི་ཟླ4པའི་ཚེས14ཉིན་སྡེ་དགེ་རྫོང་གི་ལས་བྱེད་དང་ལས་བཟོ་བ600ལྷག་གིས་ལྗང་འགྱུར་ཀུན་སྤྱོད་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ཡོད། ཚང་མས་སྡེ་དགེའི་རིག་མཛོད་འགྲམ་གྱི་སྡོང་འཛུགས་ས་ཚུགས་སུ་ཚ་ཚ་འུར་འུར་ངང་སྡོང་ཕྲུག་འཛུགས་པ་དང་། ཆུ་ཚོད་གསུམ་ཙམ་གྱི་རིང་ངལ་རྩོལ་བྱས་རྗེས་སྔ་མེད་སྔོ་ལྗང་གི་རྣམ་པ་ཞིག་མངོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་།སྡེ་དགེ་རྫོང་གིས་དྭངས་གཙང་གི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མཉམ་དུ་བསྐུལ་ནས་སྐྱེ་ཁམས་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་ཡོད། ད་སྔའི་བར་རྫོང་ཡོངས་སུ་ནགས་ཚལ་ཁྱབ་ཚད་བརྒྱ་ཆ34.5ལ་ཟིན་ཡོད།

རྟའུ་རྫོང་།

ཉེ་ཆར་རྟའུ་རྫོང་གིས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ་དང་།རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ2000ལྷག་གིས་ཁག་བགོས་ནས་ཁམས་པའི་རྩི་ཤིང་གླིང་དང་།འདམ་རའི་སྤྱི་གླིང་སོགས་ས་ཁོངས་ཆེན་པོ་གསུམ་དུ་སྡོང་རྐང་རེ་རེ་བཞིན་བཙུགས་ཡོད།

ད་ཐེངས་ཀྱི་སྡོང་འཛུགས་བྱེད་སྒོའི་ནང་སྟར་སྡོང་དང་གསོམ་དམར། སེར་ཤིང་།འོ་སེར་སོགས་སྡོང་ཕྲུག7000ལྷག་བཙུགས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན།ཉེ་བའི་ལོ་ལྔའི་རིང་རྟའུ་རྫོང་གིས་འོས་འགན་སྡོང་ཕྲུག་བཙུགས་ནས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི5ལ་ཟིན་པ་དང་། པེ་རི་རི་བོ་དང་། ལེ་ཏེ་ཞུའེ་མུའུ་རི་བོ། འདམ་རའི་སྤྱི་གླིང་བཅས་དང་དེ་བཞིན་ཡུལ་གྲོང19ལ་གསོམ་སྡོང་ཁྲི35དང་སྟར་སྡོང་ཁྲི12ལྷག་བཙུགས་ཡོད།

ཉག་རོང་རྫོང་།

ཉིན་ཤས་གོང་ཉག་རོང་རྫོང་གིས་ལས་ཁུངས་ཁག་གི་ལས་བྱེད་པ་དང་།ཁེ་ལས་དང་བྱ་གཞག་ལས་བཟོ། སློབ་གྲྭའི་དགེ་སློབ་བཅས་བསྡུས་ཏེ་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ཡོད།

ཉག་རོང་རྫོང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་པའི་རྨང་གཞིའི་ཐོག་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་འཚམ་པ་དང་།སྐྱེ་ཁམས་སྔོན་ལ་འཇོག་པ།འབྱུང་འཕྲོད་འཕེལ་རྒྱས་བཅས་ཁྲིད་སྟོན་དུ་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཙལ་ནས་སྡོང་འཛུགས་ནགས་བསྐྲུན་བྱས་ཡོད།

འདབ་པ་རྫོང་།

ཉེ་ཆར།འདབ་པ་རྫོང་གི་སྐྱེ་ཁམས་ཁོར་ཡུག་དང་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་།རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་འཛུགས་ཆེད། འདབ་པ་རྫོང་གིས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་ཤེས་དཔལ་བསམ་བློ་དང་རི་གཉིས་ཀྱི་འདུ་ཤེས་ལག་ལེན་བསྟར་ཏེ་རྫོང་དེའི་སྐྱེ་ཁམས་བཅོས་སྐྱོང་ཐད་ལྗང་མདོག་གསར་དུ་བསྣན་ཡོད།

ཤིང་འཛུགས་བྱ་ཡུལ་དུ་རྫོང་ཨུ་དང་།རྫོང་མི་དམངས་འཐུས་ཚོགས།རྫོང་སྲིད་གཞུང་།རྫོང་སྲིད་གྲོས་བཅས་ཀྱི་ཁོངས་མི་ལས་བྱེད་པ་དང་ལས་བཟོ་གཞན་དག་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོ་ཧུར་ཐག་ཞུགས་ནས་སེམས་ནུས་གཅིག་སྒྲིལ་གྱིས་འདབ་པར་སྔོ་མདངས་གསར་པ་བསྣན་ཡོད།

རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་ཤུགས་ཆེན་བྱས་ནས་རྫོང་གི་རི་གཉིས་ཀྱི་ལག་ལེན་གསར་གཏོད་རྟེན་གཞི་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། གཞི་ཁྱོན་ཆེ་བའི་སྔོ་འགྱུར་སི་ཁྲོན་འདབ་པ་གྲོང་གི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས་འདི་ལོ་རྫོང་སྔོ་འགྱུར་ཨུ་ལྷན་གྱི་རྩ་འཛུགས་འགོ་ཁྲིད་འོག་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ800ལྷག་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ནས་གསོམ་སྡོང8090བཙུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དུས་ཚིགས་བཟང་པོར་སྡོང་འཛུགས་དུས་སུ་སླེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།