དུས་ཀྱི་ལྡན་མིན་འདུ་བྱེད།

ཀུན་མཁྱེན་གྲགས་པ།        2023-04-19

ལོ་པཎ་དག་གི་ཤེས་རབ་བམ།སྦྱངས་བརྩོན་ཟེར་རམ་ཅི་ཆ།གང་ལྟར་ཁོང་ཚོས་ང་ཚོ་རྗེས་རབས་པར་འཇིག་རྟེན་ཤེས་བྱའི་རྣམ་གྲངས་ཀྱི་མ་ལག་ཅུང་འཐུས་ཚང་ཞིག་བསྐྱུར་འདུག།དེ་ལས་ཀྱང་།དུས་ཚོད་ཉིད་གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་སུ་བཞག་ཅིང་།དེ་ལ་ཕུན་སུམ་ཚོགས་པའི་ཡན་ལག་སྣ་ཚོགས་བཀར་བ་འདི་ཅི་ནས་ཀྱང་རྨད་དུ་བྱུང་བའི་ཤེས་རབ་ཏུ་བསྔགས་འོས།

མི་ཚེ་ནི་དུས་ཚོད་ཚལ་བར་བགོས་པའི་དུམ་བུ་མང་པོས་གྲུབ་ཅིང་།དུས་ཀྱི་འགྱུར་ཁུགས་རེ་རེ་ནི་མི་ཞིག་གི་གཏམ་རྒྱུད་ཀྱི་དབྱངས་རྟ་རེ་རེ་ཡིན།དུས་ཚོད་ཀྱི་ཁུད་དུ་མི་རྣམས་སྐྱེ་བ་དང་།རྒ་བ།ན་བ།འཆི་བ་བཅས་ཀྱི་སྐྱིད་སྡུག་རེས་མོས་སུ་འཁོར་དགོས།

དུས་ཚོད་ནི་འགྲོ་བ་མིའི་རིགས་ཀྱི་ཆེས་གཞི་རྩར་གྱུར་པའི་ཁེ་དབང་ཞིག་མིན་འགྲོ།སྐྱེ་བོ་སོ་སོས་ལོངས་སུ་སྤྱད་ཆོག་པའི་ཁེ་དབང་གཙང་མ་ཞིག་མ་ཡིན་ནམ།དེས་ན།དུས་ཚོད་ཀྱི་དཀྱིལ་འཁོར་བར་མེད་དུ་འཁོར་བའི་འཚོ་བའི་ཀློང་རིམ་ནས།ནམ་ཡང་དུས་ཚོད་ཉིད་ལ་མགོ་མི་སྒུར་བར།དུས་ཀྱི་ཆ་ཤས་རེ་རེ་བརྩོན་ལེན་བྱེད་དགོས་པ་མ་ཡིན་ནམ།

འདི་ལྟར།དུས་ཚོད་ཟེར་བའི་ཐ་སྙད་དེ་ཆེས་ཐོག་མར་རྣ་བའི་བུ་གར་བརྒྱུད་འོང་དུས།དེ་ནི་ཆུང་དུས་སུ་ཀ་ར་དང་མེ་ཏོག་སོགས་ཀྱི་ཐ་སྙད་ལ་བག་ཆགས་འཇོག་པ་ཇི་བཞིན་སྟབས་བདེ་ཞིག་མིན་འགྲོ།ཧ་ཅང་སྟབས་བདེ་བའི་གོ་བ་དང་།འཐུས་མི་ཚང་བའི་ངོས་འཛིན་རབ་རིབ་དེས།ངའི་ཆུང་དུས་ཀྱི་དུས་ཚོད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་འདུག།དུས་ཚོད་དང་ཕ་ཡུལ་ལྷན་དུ་གནས་པའི་ལོ་ཟླ་དེར།ངས་དུས་ཚོད་ཀྱི་བཞུར་སྒྲ་ལ་ཉན་བཞིན་དུས་ཚོད་ཉིད་འདི་ལྟར་བཞུར་བཞིན་པ་མ་ཤེས།བབ་ཆགས་ཤིང་བག་ལྷོད་པའི་དུས་ཚོད་དེའི་ནང་དུ།ངས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་འདི་ལྟར་གནས་ཤིང་དེ་ལྟར་ཡོད་ངེས་སྙམ།དུས་ཚོད་ཀྱི་ཆུ་རྒྱུན་ལ་གསལ་ཆ་ཏོག་ཙམ་ཡང་མེད་པར།གཞི་ནས་དུས་ཚོད་ཀྱི་རྒྱ་མཚོ་ཆེན་པོའི་ཁྲོད་དུ་བྱིངས་པ་རེད།དུས་ཚོད་ཀྱིས་སྤྲོད་ངེས་པའི་བདེན་ཁ་མང་པོ་ཞིག་ལ་ཡང་ཆ་འཇོག་ཡེ་ནས་མ་ཕེར།དུས་ཚོད་ཀྱིས་ལྷན་དུ་འཛོམས་པ་མང་པོ་ཞིག་སླར་ཡང་དུས་ཚོད་ཀྱིས་གཏོར་འགྲོ་བ་མ་རྟོགས།

རིམ་བཞིན་དུས་ཚོད་ཀྱི་རླུང་བུ་ཤུགས་ཀྱིས་ལྡང་ཞིང་།ཆེས་ཐོག་མར་དུས་ཚོད་དང་འགྲན་རྒྱུགས་བྱས།དུས་ཚོད་དང་ཉེ་བར་བཅར་ལ།དུས་ཚོད་ཀྱི་སྒོ་གླེགས་བརྡུངས།དུས་ཚོད་ཀྱི་བརྡབ་གསིག་ཁྲོད་དུ་འཕག་འཚག་ཡང་ཡང་བགྱིས་ཏེ།ཆེས་ཐོག་མར་དུས་ཚོད་ཀྱི་ཉེན་ཚབས་རྟོགས།ད་གཟོད་དུས་ཚོད་ཀྱི་མལ་ལས་འགྲེ་ལྡོག་བརྒྱབ་སྟེ།དུས་ཚོད་ཀྱི་སྐོར་ལ་མནོ་བསམ་བཏང་ཞིང་།དུས་ཚོད་ཀྱི་སྐོར་ལ་ལུས་སེམས་བྲེལ།དུས་ནི་མི་སྡོད་རི་གཟར་ཆུ་དང།དུས་ཚོད་དེ་དག་ཟས་ཟ་བའི་དཀར་ཡོལ་ལས་ཤོར་ཞེས་པའི་ལེགས་བཤད་རེ་འགས དུས་ཚོད་ཅེས་པའི་ངོ་གདོང་བསྟན་བྱུང་།མ་གཞི་དུས་ཚོད་ནི་ང་ཚོའི་སྐྱེ་འཆིའི་གོ་རིམ་ཙམ་མ་ཡིན་པར།ང་ཚོ་སྐྱེ་བ་ནས་སྐྱེ་བའི་བར་དུ་འགྲིམ་དགོས་པའི་ལམ་བུ་ཞིག་ཏུ་བྲིས་འདུག འཇིག་རྟེན་དང་འཇིག་རྟེན་ཕ་རོལ་གང་རུང་དུ་གནས་པའི་གཟུགས་མེད་ཀྱི་སྟོབས་ཤུགས་དེ་རེད།

དུས་ཀྱི་ལྡན་མིན་འདུ་བྱེད།ཆོས་ཉིད་གཏན་ཚིགས་ཀྱི་ལག་ཆ།སྐྱེ་འགྲོ་ཐུན་མོང་གི་རྒྱུ་ནོར།འདྲ་མཉམ་དྲང་གཞག་གི་རྒྱ་མ།རང་གཞན་ལྷན་སྐྱེས་ཀྱི་གྲིབ་རིས། མི་ནུབ་འཇིག་རྟེན་གྱི་ཆོས་ཉིད།དུས་ཀྱི་ལྡན་མིན་འདུ་བྱེད།འཁོར་བ་ནས་འཁོར་བའི་བར།སྐྱེ་བ་ནས་སྐྱེ་བའི་བར།ང་ཚོས་སྲུང་འཁོར་བཞིན་བཏགས་ཏེ།སྲུང་འཁོར་བཞིན་བསྲུང་དགོས།དུས་ཀྱི་ལྡན་མིན་འདུ་བྱེད།འཇིག་རྟེན་ཅི་འདྲ་ཞིག་འགྱུར་ཡང་།ནམ་ཡང་རང་བཞིན་གྱི་ཆོས་ལ་འགྱུར་ལྡོག་མེད་པ་ནི་ཁྱོད་རེད།

མི་བུ་རེ་རེའི་རྒྱུད་ན“བདེ་གཤེགས་སྙིང་བོའི”ཤེས་རབ་ཡོད་ཀྱང་།མང་ཤས་མང་ཤས་དུས་ཚོད་ཀྱི་འཁོར་འགྲོས་ཁྲོད་འཇིག་སྲིད།འོན་ཀྱང་།“དུས་ཀྱི་ལྡན་མིན་འདུ་བྱེད”ཉིད་ཀྱི་ཤེས་རབ་དེ་ནམ་ཡང་ང་ཚོའི་རྒྱུད་ན་ཡོད།དེ་ནམ་ཡང་འཇིག་མི་སྲིད་པར་སྨོན།


  • ལེ་ཚན་སྔོན་མ།:མཛེས་པའི་ཡུལ་ཤུལ། སྔར་བཞིན་མཛེས་སྲིད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།