མཛེས་པའི་ཡུལ་ཤུལ། སྔར་བཞིན་མཛེས་སྲིད།

པདྨ་ལྷ་མཛེས།        2023-04-14

ཡུལ་ཤུལ། གཙང་གསུམ་གྱི་འབྱུང་ཁུངས། གླུ་གར་གྱི་ཕ་ས། ཡུལ་འདི་རུ་བཙན་པོའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་བོད་དུ་དྲངས་སྐབས་ཀྱི་འབུས་ཀྱི་རྣམ་པར་སྣང་མཛད་ཡོད་ལ། རྒྱ་ནག་བླ་མའི་བྱིན་རླབས་ལས་འཁྲུངས་པའི་མ་ཎིའི་རང་བྱོན་ཡོད། ད་རུང་། ཀྭི་ཀྭི་བསྭོ་བསྭོ་ཡུལ་གྱི་རླུང་རྟ་དར་སའི་རྒྱབ་རི་ཕུན་ཚོགས་སྟག་རྩེ་སོགས་ཡོད་པས། ཡུལ་འདིའི་མི་ལ་བཀྲ་ཤིས། ཕྱུགས་ལ་གཡང་འཁོར། གནས་ལ་དཔལ་ཁུགས། ཟས་ལ་བཅུད་འཛོམས།

འདི་ལྟར་སྐྱིད་པའི་ཉི་མ་ཤར། བདེ་བའི་ཟླ་བ་ཚེས་བཞིན་པའི་ཡུལ་ཤུལ་བར་ལོ་དེར་ས་འགུལ་གྱི་གོད་ཆགས་ཤོར་ནས་མི་ཤི། རྒྱུ་ཟད། རི་ཆུ་ལ་རྨ་ཁ་ཤོར། ཡིན་ནའང་། ཡུལ་ཤུལ་བས་ཧྲུག་ཆག་ཏུ་སོང་བའི་ཁྱིམ་གཞིས་ཀྱི་སྟེང་ལ་ཁྱིམ་གཞིས་གསར་པ་བསྐྲུན་ནས་འདས་པོ་ལ་མྱ་ངན་ཞུས་ཤིང་། སྡུག་དུས་ལག་གི་འཐེན་རོགས་དང་རྒྱབ་ཀྱི་སྐྱོར་རོགས་ལ་བཀའ་དྲིན་གཟོ་བཞིན་ད་ལྟའི་དྭངས་པའི་ཡུལ་ཤུལ། མཛེས་པའི་ཡུལ་ཤུལ་གསར་པ་མངོན་སུམ་དུ་བསྐྲུན།

འདི་འདྲའི་འཇིགས་པ་མེད་པའི་སྙིང་སྟོབས། ཞུམ་པ་མེད་པའི་སྤོབས་པ། ཉམས་པ་མེད་པའི་སྟོབས་ཤུགས་ཀྱིས་ཡུལ་ཤུལ་གྱི་སློབ་གསོ་སྔར་ལས་དར་བར་བྱས་ཤིང་། སྲོལ་རྒྱུན་རྒྱུན་འཛིན་དང་། ཁོར་ཡུག་ལ་གཙང་སྦྲ། ཟ་ཟས་ལ་འཕྲོད་བསྟེན། གཞན་སྨན་

ཁངགི་ཚན་རྩལ་དང་། ཁང་པའི་བཟོ་བཀོད་སོགས་ཡར་ངོའི་ཟླ་ལྟར་འཕེལ་བར་བྱས་པས་ཀུན་གྱིས་བསྟོད་པའི་ཡུལ་དང་། མིག་དཔེ་ལྟ་སའི་གནས་སུ་གྱུར།

ད་ལོ་ཡང་། ཡུལ་ཤུལ་གྱིས་སྔར་བཞིན་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་གྱི་དུས་ཆེན་བསུས་རྗེས། ནང་བཟའ་མི་ལྷན་དུ་འཛོམས་ནས་གླུ་གར་གྱི་མཆོད་པ་འབུལ་ཞིང་། གྲོགས་སྤུན་མཆེད་རྩྭ་ཐང་དུ་སོང་ནས་བདུད་རྩི་ནས་ཆང་གི་དགའ་སྟོན་རོལ་གྱིན་པའི་སྐབས་སུ། ནད་ཡམས་ཀྱི་བར་ཆད་ཤོར་ནས་མི་སེམས་ལ་འཇིགས་སྐྲག་སློང་། ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་ནི་གཅིག་ནས་བཅུ་དང་། བཅུ་ནས་ཉི་ཤུ། ཉི་ཤུ་ནས་སུམ་ཅུ། སུམ་ཅུ་ནས་ཇེ་མང་སོང་བའི་གོ་རིམ་ཁྲོད། སྲང་ལམ་འཇམ་ཐེང་ངེར་གྱུར་ལ། ཚོང་ཁྲོམ་སྟོང་ལྷང་ངེར་གྱུར།

སྐབས་འདིར། འཇམ་ཐེང་ངེར་དང་སྟོང་ལྷང་ངེར་གྱི་མཚོན་དོན་ནི་འཇམ་སྟོང་ཁོ་ན་ཙམ་མ་ཡིན་པར་རྒྱ་ཆེན་མི་དམངས་རྣམས་ཀྱིས་གོང་གི་བཀའ་ལ་བརྩི་སྲུང་དང་། གཞན་གྱི་བདེ་ཐང་ལ་འགན་འཁུར། ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པའི་སེམས་ཤུགས་དང་སྤོབས་པ་དེ་མཚོན་ཡོད།

ཆེད་དུ་གླེང་དགོས་པ་ཞིག་སྟེ། འཇམ་སྟོང་གཉིས་ཀྱི་བར་ལ། ཚེ་སྲོག་འབེན་དུ་བཞག་པའི་ཏང་ཡོན་དང་སྨན་པ། རང་འདུན་པ་སོགས་ཕ་ཡུལ་སྲུང་པའི་ཆེད་དུ། ཡུལ་མི་སྐྱོབ་པའི་ཆེད་དུ་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་བྱས་ཏེ་ཁོར་ཡུག་ལ་དུག་སེལ། མི་དམངས་ལ་ཉིང་སྐྱུར་བརྟག་དཔྱད། འགྲོ་འདུག་ལ་ཐབས་ཇུས་གང་མང་བཏོན་ནས་ནད་ཡམས་ལ་ངོ་རྒོལ་དང་འཐབ་རྩོད་བྱས་པ་རེད། འདི་འདྲའི་རང་ལས་གཞན་གཅེས་ཀྱི་བྱ་སྤྱོད་ནི་ཕ་ཡུལ་སྲུང་བའི་སེམས་དང་ཡུལ་མི་སྐྱོབ་པའི་སེམས་ཤུགས་ཡིན་ལ། སྔོན་ཆད་ས་ཡོམ་གྱི་ཁྲོད་ནས་ལངས་པ་ཇི་བཞིན། སྐབས་འདིར་ནད་ཡམས་ཀྱི་འདམ་བག་ལས་ཐར་ཏེ་སྔར་བཞིན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད།

རེད་ལགས། འཇིག་རྟེན་གྱི་གཏམ་དཔེ་ལ། མཚན་གྱི་རྒྱབ་ལ་ཉིན།། ལ་ཡི་རྒྱབ་ལ་ཐང་།། འདི་འདྲའི་ནད་ཡམས་སྔོན་འགོག་གི་རྗེས་སུ་ང་ཚོར་ཐོབ་པ་ནི་སྔར་ལས་དར་ཞིང་རྒྱས་པའི་རྒྱལ་ཁ་ཡིན་ལ། རྒྱལ་ཁས་ཕ་ཡུལ་ཡུལ་ཤུལ་གྱི་མཛེས་སྡུག་དང་། ཡུལ་ཤུལ་བའི་ལ་རྒྱ་དང་སེམས་ཤུགས་མཚོན་སྲིད་དོ།།



  • ལེ་ཚན་སྔོན་མ།:སེམས་ཀྱི་ཆུང་མ་ལ་བྲིས་པའི་དྲན་གདུང་ ཟུང་གི་གཟུགས་རིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།